ཞབས་བརྟན་གསོལ་འདེབས་དྲང་སྲོང་ཀུན་ཏུ་དགེ་བའི་བདེན་ཚིག
༄༅། །ཞབས་བརྟན་གསོལ་འདེབས་དྲང་སྲོང་ཀུན་ཏུ་དགེ་བའི་བདེན་ཚིག་བཞུགས་སོ།།
ན་མོ་གུ་རུ་བྷྱཿ
སྐྱབས་གནས་ཀུན་འདུས་པདྨ་ཕྲེང་སོགས། །
བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་དང༌། །
ཐེག་པ་རིམ་པ་དགུ་དང་རྒྱུད་སྡེ་བཞིའི །
ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང༌། །
ཕྱོགས་བཅུའི་དུས་བཞིའི་སངས་རྒྱས་བྱང་སེམས་ཚོགས། །
གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བའི། །
སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །
མཁྱེན་བརྩེ་ནུས་པའི་བདག་ཉིད་མཆོག་རྣམས་ལ། །
གདུང་ཤུགས་དྲག་པོས་སྙིང་ནས་གསོལ་འདེབས་ཀྱི །
ཐུགས་རྗེ་ནུས་པའི་རྩལ་ཤུགས་མྱུར་ཕྱུངས་ལ། །
སྙིགས་དུས་བསྟན་དང་འགྲོ་བའི་མགོན་གཅིག་པུ། །
ཆོས་རྗེ་པདྨ་དྲི་མེད་བློ་གྲོས་ཀྱི །
སྐུ་ཚེ་བསྐལ་བ་བྱེ་བར་རྟག་བརྟན་ཅིང༌། །
རྒྱལ་བསྟན་ཡོངས་རྫོགས་འཛིན་སྐྱོང་སྤེལ་བ་དང་། །
མཐོང་ཐོས་དྲན་རེག་སྨིན་གྲོལ་མཛད་པ་སོགས། །
སྲས་བཅས་རྒྱལ་བའི་འཕྲིན་ལས་སྒྲུབ་པ་ལ །
འགལ་རྐྱེན་བར་ཆད་མིང་ཡང་མི་གྲགས་ཤིང༌། །
མཐུན་རྐྱེན་ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ །
ཐུགས་ཀྱི་བཞེད་པ་ལྷུན་གྱིས་འགྲུབ་པར་མཛོད། །
ཅེས་པའང་རྗེ་ཉིད་ཀྱི་ཞལ་སློབ་འཇིགས་ཚེ་མཆོག་གི་ལྷ་རེག་བཅས་བསྐུར་ངོར་རྭ་གྲྭ་བིརྻ་པས་གསོལ་བ་བཏབ་པ་དགེའོ།།
