Dalai Lama Long-Life Prayer—Tibetan
༄༅། །༧གོང་ས་ཐམས་ཅད་མཁྱེན་པའི་ཞབས་བརྟན།
ཨོཾ་ཤྲཱི་ཡེ་ཛ་ཡནྟུ། །
དུས་གསུམ་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་པའི། །
རིགས་གསུམ་རྣམ་འཕྲུལ་ཆོས་རྒྱལ་རིམ་བྱོན་གྱིས །
ལོ་པཎ་སྤྱན་དྲངས་མདོ་སྔགས་ཆོས་བསྒྱུར་བས། །
གངས་ལྗོངས་མུན་གླིང་ཉིན་མོའི་སྣང་བས་ཁྱབ། ༡ །
དེ་མཐུས་པད་འབྱུང་རྣམ་འཕྲུལ་མར་མེ་མཛད། །
ཇོ་འབྲོམ་བརྒྱུད་པ་བཀའ་གདམས་གསར་རྙིང་དང༌། །
ས་སྐྱ་བཀའ་བརྒྱུད་དུས་འཁོར་ཞི་གཅོད་སོགས། །
སྒྲུབ་བརྒྱུད་གསང་ཆེན་ཐེག་པའི་པད་ཚལ་རྒྱས། ༢ །
དེ་ཕྱིར་བོད་ཡུལ་འོག་མིན་བདེ་ལྡན་ཞིང༌། །
ས་ལ་འཕོས་འདྲར་སྲིད་གསུམ་དཔལ་ཡོན་གྱིས། །
ནམ་ཡང་མཚོན་མིན་དམ་ཆོས་བསོད་ནམས་མཐུས། །
འཇིག་རྟེན་འཁོར་ཡུག་རྫོགས་ལྡན་བདེ་དགས་ཁྱབ། ༣ །
དེ་ལ་ཡིད་སྲུབ་སྡེར་བཅས་མྱ་ངན་གྱིས། །
སྙིང་ལ་གཟེར་ཏེ་མེ་ཏོག་ལྔ་ལྡན་མདས། །
འགྲོ་རྣམས་བསམ་སྦྱོར་འགུགས་པའི་སྒྱུ་རྩལ་ངོམས། །
སྣང་སེམས་དབང་སྒྱུར་ཆོས་བསྟན་ནང་འགལ་དཀྲུག ༤ །
དེ་བཞིན་གསར་རྙིང་བསྟན་འཛིན་སྐྱེས་བུ་རྣམས། །
བག་ཟོན་རྩལ་ཕྱུང་རྩ་གསུམ་བདེན་བསྐུལ་གྱིས། །
འབྱུང་གདོན་སྙིང་རྗེས་བསྒྲལ་བའི་ཞིང་གྱུར་པ། །
བྱང་ཆུབ་སེམས་གཉིས་ཐུགས་རྗེས་བཟུང་འོས་འཚལ། ༥ །
ཁྱད་པར་གང༵ས་རི༵འི་མགོ༵ན་པོ༵་སྤྱན་སྟོང་ལྡན། །
པདྨའི་ཕྲིན་ལས་བློ༵་བཟ༵ང་རྒྱ་མཚོའི་སྡེས། །
ཆོས་སྲིད་དཔལ་གྱིས་སྐྱོང་བ་སྐྱེ་འགྲོའི་རྒྱུད། །
བསྟ༵ན་འཛི༵ན་སྐྱེས་མཆོག་རྒྱ༵་མཚོ༵་བསྙེལ་མི་མངའ། ༦ །
གང་གི་ཐུགས་རྗེའི་གདུགས་དཀར་གྲིབ་བསིལ་འོག །
ཡིད་ཅན་ཉམ་ངའི་གདུང་སྐྱོབ་བསྟན་འགྲོའི་མགོན། །
མི་འཇིགས་སེངྒེའི་ཁྲི་ལ་རྡོ་རྗེའི་སྐུ །
བཅོམ་ལྡན་ཚེ་ལྷའི་ངོ་བོར་རྟག་བརྟན་གསོལ། ༧ །
ཞེས་པ་འདི་ནི་གངས་ལྗོངས་བཤད་སྒྲུབ་ཤིང་རྟ་བརྒྱད་ཀྱི་བསྟན་པ་རིན་པོ་ཆེ་དུས་ཀྱི་རྒུད་པས་ཉམས་ཉེས་སུ་གྱུར་པའི་སྐབས་འདིར་གངས་ཅན་བསྟན་འགྲོའི་མགོན་པོ་སྤྱན་རས་གཟིགས་དབང་ཏཱ་ལའི་བླ་མ་མཆོག་གི་བཀའ་དྲིན་གྱིས་བསྟན་པ་ཕྱི་དར་གྱི་མགོ་བརྩམ་པའི་དུས་སུ་ཁ་ལེགས་ཆོས་སྒར་གྱི་སྤྲུལ་པའི་སྐུའི་མིང་འཛིན་པ་པདྨ་ཀུན་བཟང་རང་གྲོལ་ནས་སྐུ་གཤེགས་ཁར་ཞལ་ཆེམས་སུ་གསོལ་བ་བཏབ་པ་དགེ་ལེགས་འཕེལ། །