Dudjom Lingpa Biography—Tibetan

Literary Genres › Biography | Collections & Cycles › Dudjom Tersar | བོད་ཀྱི་བླ་མ།པདྨ་རིག་རྩལ་རིན་པོ་ཆེ། | བོད་ཀྱི་བླ་མ།བདུད་འཇོམས་གླིང་པ།

English | བོད་ཡིག

པདྨ་རིག་རྩལ་རིན་པོ་ཆེ།

བདུད་འཇོམས་གླིང་པ།

Further information:
Download this text:

༄༅། །གཏེར་ཆེན་བདུད་འཇོམས་གླིང་པའི་རྣམ་ཐར་མདོར་བསྡུས།

གཏེར་ཆེན་བདུད་འཇོམས་གླིང་པ་ནི། འབྲོག་བན་ཁྱིའུ་ཆུང་ལོ་ཙཱའི་རྣམ་རོལ། གནུབས་ཀྱི་རུས་ལྕགས་ཁུང་། ཡབ་ཀྱི་མཚན་ལ་ཨ་བརྟན་དང་། ཡུམ་གྱི་མཚན་ལ་དམུ་ཚ་སྒའི་རུས་སུ་གཏོགས་པ་བོ་རྫོགས་ཞེས་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་མོ་ལུག་གི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། སྐུ་ན་ཆུང་དུས་སུ་ཡི་གེ་འབྲི་ཀློག་སོགས་དགེ་རྒན་ལ་མ་བརྟེན་པར་རང་སྟོབས་ཀྱིས་མཁྱེན། དགུང་ལོ་གཉིས་གསུམ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་གུ་རུ་རིན་པོ་ཆེའི་ཞལ་མཇལ། མངོན་ཤེས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་མངའ་བས་མཆོག་དམན་ཀུན་གྱིས་སྐྱེས་བུ་ཆེན་པོའི་རྣམ་རོལ་ཡིན་པར་ངེས་པ་རྙེད། དགུང་ལོ་ཉེར་གསུམ་ལ། རང་རྣམ་ལས། ནུབ་གཅིག་གི་རྨི་ལམ་ན་མགོན་པོ་སྤྱན་རས་གཟིགས་ཡིན་སྐད་པའི་མི་དཀར་གསེར་གྱི་ཟུར་ཕུད་ཅན་ཞིག་གིས་བུ་ཁྱོད་ནི་ཚེ་རབས་མང་པོའི་གོང་རོལ་ནས་ལས་དང་བསོད་ནམས་བཟང་པོའི་སྟོབས་དང་སྨོན་ལམ་རྣམ་པར་དག་པའི་མཐུས་ས་དང་ལམ་གྱི་ཡོན་ཏན་རྫོགས་པའི་སྐལ་ལྡན་ཡིན་ཏེ། ད་རེས་བསྟན་འགྲོ་ལ་ཕན་འགའ་ཙམ་ཐོགས་པའི་ལས་སྐལ་ཡོད། དེ་ཕྱིར་སྒྲོམ་བུ་འདི་ཟོ་ཞེས་གསུངས་ཤིང་ཤེལ་གྱི་སྒྲོམ་བུ་མཐེ་བོང་ཙམ་གྱི་ངོས་སུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཡི་གེ་ཨོཾཿཧཱུྃཿཏྲཾཿཧྲཱིཿཨཱཿཞེས་ཁ་དོག་སྣ་ལྔར་སྣང་བ་ཞིག་གནང་མ་ཐག་ཏུ་བདག་གིས་ཁྱུར་མིད་དུ་བཏང་བ་དང་། འཕགས་པའི་ཞལ་ནས་དེ་ཟབ་ཆོས་དགོངས་པ་ཀློང་རྡོལ་ཞེས་བྱ་བ་ཡིན་གསུངས་ནས་བདག་ལ་ཐིམ། དེ་ནས་རེ་ཞིག་གི་ཚེ་འཇམ་དཔལ་སྨྲ་བའི་སེངྒེའི་སྒོམ་བཟླས་ལ་ཞུགས་པའི་ཕྱི་དྲོའི་དུས་ཞིག་དུ་དྲི་བཟང་གིས་གནས་ཁང་གང་བ་བྱུང་། དེ་དུས་འཇམ་དཔལ་སྨྲ་བའི་སེངྒེའི་ཞལ་མངོན་སུམ་དུ་གཟིགས་ཤིང་ཕྱག་ནས་གསེར་གྱི་སྒྲོམ་བུ་བྱིའུའི་སྒོ་ང་ཙམ་ཞིག་བདག་ལ་གཏད་དེ་འདི་ཟོ་ཞིག་དང་གསུངས་པའི་མོད་ལ་བདག་གིས་ཁྱུར་མིད་དུ་ཟོས་པས། འདི་ནི་དག་སྣང་ཡེ་ཤེས་དྲྭ་བ་ཞེས་བྱ་བ་ཡིན་ནོ་ཞེས་གསུངས་ནས་བདག་ལ་ཐིམ་པའི་སྣང་བ་བྱུང་། ཡང་རེ་ཞིག་གི་ཚེ་དཔལ་ཆེན་ཕྱག་ན་རྡོ་རྗེ་ཡིན་སྐད་པའི་ཁྲོ་བོ་ཆེན་པོ་བལྟར་མི་བཟོད་པ་ཞིག་མཇལ་བའི་ཚེ་བདག་ཤིན་ཏུ་བྲེད་ཅིང་སྔངས་ནས་ཡོད་པའི་སྐབས། གསང་བའི་བདག་པོའི་ཞལ་ནས་སྐྱེས་བུ་ཆེན་པོ་ཁྱོད་ང་ལ་མ་འཇིགས་མ་སྐྲག་མ་སྔངས་པར་ཉོན་དང་། ང་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ངོ་བོ་བཀའ་སྲུང་དྲེགས་པ་ཡོངས་ཀྱི་འབྱུང་གནས་དཔལ་ཆེན་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ཡིན། ཁྱོད་ཀྱང་ང་ཡི་ཐུགས་ཀྱི་སྤྲུལ་པ་ཡིན། འགྲོ་བའི་དོན་བྱེད་པའི་ཕོ་ཉར་བསྔགས་སོ་ཞེས་གསུངས་ཤིང་། གཡུའི་མཆོད་རྟེན་མཐེ་བོང་ཙམ་ཞིག་གི་ནང་དུ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོའི་རི་མོ་ཤར་བ་ཞིག་གནང་ནས་འདི་ཟོ་ཞིག་གསུངས། དེ་ལྟར་བདག་གིས་ཁར་བཅུག་པས་དངོས་མེད་དུ་གྱུར་ཀྱང་མིད་སྟངས་བྱས། དེ་ཆོས་ཉིད་ནམ་མཁའི་ཀློང་མཛོད་ཅེས་བྱ་བ་ཡིན་གསུངས་ནས་བདག་ལ་ཐིམ། དེ་ནས་བཟུང་སྟེ་དག་སྣང་སྐོར་གསུམ་པོ་བདག་གི་རྒྱུད་ལ་སྤར་གྱིས་བཏབ་པ་ལྟར་འཆར་བ་བྱུང་། ཞེས་གསུངས། གཞན་ཡང་གུ་རུ་རིན་པོ་ཆེ་དང་ཨ་མ་ཡེ་ཤེས་མཚོ་རྒྱལ། བར་སྐབས་སུ་རིག་འཛིན་བླ་མའི་ཚོགས་དང་བདེ་གཤེགས་རྒྱལ་བ་སྲས་བཅས་མང་པོའི་ཞལ་མཇལ་ཞིང་གསུང་གི་བདུད་རྩི་ནོད་ནས་སེམས་རྒྱུད་བྱིན་གྱིས་བརླབས་སོ།། ཟབ་ཆོས་མཁའ་འགྲོའི་སྙིང་ཐིག་གི་ཁ་བྱང་བླངས་ཚུལ་ནི། སྨར་གྱི་རྦ་གཏེར་བྲག་དང་། བཙུན་མོ་དངུལ་རྒོད་བྲག སྨར་གྱི་པོ་ཙོང་མཆོད་རྟེན། རྒྱས་བྲོའི་མཆོད་རྟེན། བཀྲ་ཤིས་སྒོ་མང་། ལྕགས་རི་ཅན་རྣམས་ཀྱི་ནང་ནས་གཏེར་གྱི་ཁ་བྱང་ཡང་བྱང་སོགས་རྡོ་དང་སྨྱུག་སྦུག་པ་དང་། ལ་ཆ་ཤིང་རྣམས་ལས་བྱས་པའི་སྒྲོམ་བུ་དང་སྒྲོམ་བུ་མེད་པའི་ཤོག་དྲིལ་དང་སོལ་ཕུང་གི་ནང་ནས་ཡོད་པ་རྣམས་རྙེད་པ་ཡིན་གསུངས་ཤིང་། ཟབ་ཆོས་དག་སྣང་སྐོར་གསུམ་དང་ཟབ་ཆོས་མཁའ་འགྲོའི་སྙིང་ཐིག་བཅས་ཆོས་སྒོ་བཞི་པོ་འདི་ཤིན་ཏུ་ནས་བྱིན་རླབས་ཆེ་ཞིང་། ཆོས་སྒོ་འདིར་བརྟེན་ནས་སློབ་ཆེན་བཅུ་གསུམ་སྐུ་ལུས་མ་སྤངས་པར་འཇའ་ལུས་སུ་གྲུབ་པ་ནི། རང་རྣམ་ལས། གང་ཞིག་དེ་དང་འཕྲད་པའི་ལས་ཅན་ཡང་། །སྐལ་པར་ལྡན་ཏེ་སྲིད་པ་ཐ་མ་ཡིན། །ཞེས་གསུངས་པ་དོན་ལ་གནས་ཤིང་། ཁྲོས་མའི་སྒྲུབ་སྐོར་རྣམས་གཏེར་འབབ་པའི་སྐབས་རླུང་ཆེན་འཚུབ་པ་ཞིག་བྱུང་ནས་ཡིག་ལྡེབ་རྣམས་ཕྱོགས་ཐམས་ཅད་དུ་ཁྱེར་སོང་བ་ནི་ཡུལ་ཕྱོགས་ཀུན་ཏུ་ཁྱབ་པའི་ལྟས་སུ་མངོན་ནོ། །རང་གཏེར་ལས། མ་འོངས་དུས་ཀྱི་སྙིགས་མ་ལ། །ང་དང་མི་གཉིས་ངའི་སྤྲུལ་པ། །སྦས་པའི་རྣལ་འབྱོར་ཞིག་པོའི་ཚུལ། །ཆོས་ཉིད་བདེན་པ་མངོན་གཟིགས་ཤིང་། །ཆོས་ཀུན་ཀློང་རྡོལ་གཏེར་གསུམ་འདོམས། །ལྷུན་གྲུབ་རིག་འཛིན་སྒྱུ་འཕྲུལ་རོལ། ཁྲག་འཐུང་རྡོ་རྗེ་གྲོ་བོ་ལོད། །པདྨའི་གསང་མཛོད་བདག་པོ་འབྱུང་། །ཞེས་དང་གཞན་ཡང་གཏེར་ཆེན་ཆོས་རྗེ་གླིང་པ། རྡོ་གྲུབ་ཀུན་བཟང་གཞན་ཕན་སོགས་ཀྱི་ལུང་གིས་གསལ་བར་ཟིན། གུ་རུ་རྡོ་རྗེ་གྲོ་ལོད་དང་མི་གཉིས་པའི་འབྲོག་བན་ཁྱིའུ་ཆུང་ལོ་ཙཱའི་རྣམ་རོལ་གཏེར་ཆེན་བདུད་འཇོམས་གླིང་པ་ཞེས་ཡོངས་སུ་གྲགས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept