བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བར་དོ་རྣམ་པ་བཞིའི་སྨོན་ལམ་འཁོར་འདས་ཞིང་ཀུན་གཅིག་ཅར་གཅོད་པའི་རྩལ་ཆེན་མཁའ་ལྡིང་གཤོག་རླབས།

English | བོད་ཡིག

༄༅། །བར་དོ་རྣམ་པ་བཞིའི་སྨོན་ལམ་འཁོར་འདས་ཞིང་ཀུན་གཅིག་ཅར་གཅོད་པའི་རྩལ་ཆེན་མཁའ་ལྡིང་གཤོག་རླབས་ཞེས་བྱ་བ་བཞུགས་སོ། །

 

འདྲེན་པ་འོད་དཔག་མེད་མགོན་སྤྱན་རས་གཟིགས། །

རྡོར་སེམས་རིགས་ལྔ་རིགས་བརྒྱ་པད་འབྱུང་རྗེ། །

རྩ་གསུམ་ཞི་ཁྲོ་སྐྱབས་གནས་མཆོག་གསུམ་ལ། །

སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

 

སྤྱི་གཙུག་འཇའ་འོད་འཁྱིལ་པའི་གུར་ཁང་ན། །

པད་ཉི་ཟླ་གདན་འབྲལ་མེད་བརྟན་བཞུགས་པའི། །

བྱིན་རླབས་ཕུང་པོ་རྗེ་བཙུན་བླ་མ་ལ། །

རྩེ་གཅིག་གསོལ་འདེབས་བུ་ལ་ཐུགས་རྗེས་གཟིགས། །

 

སྙིང་དབུས་གཞོན་ནུ་བུམ་སྐུར་ཡེ་གནས་པའི། །

རིག་པ་གདོད་ནས་དག་པའི་ཀུན་བཟང་ལ། །

དབྱེར་མེད་རང་ངོ་ཤེས་པས་གསོལ་འདེབས་ན། །

གནས་ལུགས་རྗེན་པར་འཆར་བར་བྱིན་གྱིས་རློབས། །

 

རྙེད་དཀའི་དལ་འབྱོར་རྟེན་བཟང་རིན་ཆེན་རྙེད། །

མཇལ་དཀའི་མཚན་ལྡན་བླ་མ་དམ་པ་མཇལ། །

ཐོབ་དཀའི་གསང་ཆེན་སྨིན་གྲོལ་ལམ་མཆོག་ཐོབ། །

བསྒྲུབ་དཀའི་ཐར་ལམ་འགྲུབ་པར་བྱིན་གྱིས་རློབས། །

 

མི་རྟག་འཆི་བ་མྱུར་དུ་དྲན་པའི་བློས། །

སྲིད་པའི་བདེ་འབྱོར་གློག་གི་གར་མཁན་དང་། །

བར་སྣང་འཇའ་ལྟར་སྙིང་པོ་མེད་མཐོང་ནས། །

ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

 

འཁོར་བའི་སྡུག་བསྔལ་འཇིགས་པའི་གཡང་ས་དང་། །

དུག་སྦྲུལ་ཚང་དང་སྲིན་མོའི་གླིང་ལྟ་བུར། །

མཐོང་ནས་ཚེ་འདིའི་བྱ་གཞག་ཐམས་ཅད་ལ། །

མངོན་ཞེན་གཏིང་ནས་ལོག་པར་བྱིན་གྱིས་རློབས། །

 

དཀར་ནག་ལས་འབྲས་བླང་དོར་ཞིབ་དཔྱད་ནས། །

སྒོ་གསུམ་དགེ་ལ་བསྐུལ་དང་ཟང་ཟིང་ནོར། །

རྣམ་དཀར་ཚོགས་གཉིས་སྤེལ་ལ་བརྩོན་པ་སོགས། །

ཤེས་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །

 

འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཡིས། །

སྡུག་བསྔལ་ཉེས་བརྒྱའི་རྒྱ་མཚོར་གཡེངས་པ་རྣམས། །

སྒྲོལ་བའི་ཁུར་ཆེན་འདེགས་པའི་དམ་བཅའ་དང་། །

རླབས་ཆེན་སེམས་བསྐྱེད་འབྱོང་པར་བྱིན་གྱིས་རློབས། །

 

ཐོག་མེད་ནས་བསགས་ཉོན་ཤེས་སྒྲིབ་པ་ཀུན། །

དབང་བཞིའི་ཆུ་བོས་ལེགས་བཀྲུས་བསྐྱེད་རྫོགས་ཀྱི། །

ལྷ་སྔགས་ཏིང་འཛིན་ཟབ་མོའི་ཉམས་ལེན་ཀུན། །

འཕྱུག་མེད་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །

 

སྲིད་ཞི་མཉམ་ཉིད་རྟོགས་པའི་ལྟ་བ་དང་། །

འོད་གསལ་རྒྱུན་ཆད་མེད་པའི་སྒོམ་པ་དང་། །

ཕར་ཕྱིན་དྲུག་ལྡན་རྒྱལ་སྲས་སྤྱོད་པ་ཡིས། །

སྐུ་བཞིའི་འབྲས་བུ་ཐོབ་པར་བྱིན་གྱིས་རློབས། །

 

ཐ་མལ་སྣོད་བཅུད་ལྷ་ཡི་འཁོར་ལོར་ཤར། །

ཕྱི་ནང་སྒྲ་སྐད་སྔགས་ཀྱི་གདངས་སུ་ཤེས། །

རྣམ་རྟོག་འགྱུ་བ་ཆོས་ཉིད་དབྱིངས་སུ་གྲོལ། །

ཅིར་སྣང་དག་པའི་འཁོར་ལོར་འཆར་བར་ཤོག །

 

གནས་པ་རྩ་ཡི་མདུད་པ་རང་སར་གྲོལ། །

གཡོ་བ་རླུང་གི་འགྲོ་འོང་དབུ་མར་ཚུད། །

བཀོད་པ་སེམས་ཀྱི་ཐིག་ལེ་རང་ངོ་འཕྲོད། །

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་མཐར་ཕྱིན་ཤོག །

 

གནས་ལུགས་གཉུག་མའི་ངོ་བོ་གཡོ་མེད་དུ། །

རྩེ་གཅིག་ཞི་གནས་ངང་ནས་སྣང་ཆ་ཀུན། །

གསལ་ཧྲིག་རྗེན་པར་འཆར་བའི་ཡེ་ཤེས་ལ། །

ཞི་ལྷག་ཟུང་འབྲེལ་ཉམས་ལེན་སྐྱོང་བར་ཤོག །

 

མཚན་འཛིན་སྤྲོས་པ་ཀུན་བྲལ་སྟོང་ཉིད་ཀྱི། །

མཉམ་གཞག་ནམ་མཁའ་ལྟ་བུའི་ཏིང་འཛིན་ལས། །

རྗེས་ཐོབ་སྒྱུ་མར་ཤེས་པའི་སྟོང་པ་ཡི། །

མཉམ་རྗེས་འཁོར་ཡུག་འདྲེས་པར་བྱིན་གྱིས་རློབས། །

 

རང་གྲོལ་སེམས་ཉིད་གཉུག་མའི་ཡེ་ཤེས་ཀྱི། །

ཡེ་གྲོལ་གནས་ལུགས་ཀ་དག་ཁྲེག་ཆོད་དབྱིངས། །

ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོངས་འཆར་བས། །

བར་དོ་ཚེ་འདིར་ཆོད་པར་བྱིན་གྱིས་རློབས། །

 

དེ་འདྲའི་གོ་འཕང་མངོན་དུ་མ་གྱུར་ཀྱང་། །

སྐྱབས་རྣམས་ཡེ་ཤེས་གཟིགས་པའི་ཐུགས་རྗེ་ཡིས། །

ནད་རྐྱེན་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་། །

ཟུག་གཟེར་ལམ་དུ་སློང་བར་བྱིན་གྱིས་རློབས། །

 

འཆི་ཁར་ཆགས་ཞེན་ཀུན་རྟོག་ཉེར་སྤངས་ནས། །

བསྐྱེད་རྫོགས་བཟླས་བརྗོད་རྩ་རླུང་ཐིག་ལེ་ཡི། །

གདམས་པའི་དོན་རྣམས་ཁབ་མིག་སྐུད་འཛུད་ལྟར། །

མ་ཡེངས་ངང་ནས་ཉམས་ལེན་བསྐྱང་ནུས་ཤོག །

 

ནད་ཀྱིས་སྒྱུ་ལུས་འབྱུང་བའི་སྟོབས་ཕྲོགས་ཏེ། །

སྐྱེ་མཆེད་དབང་པོའི་རྣམ་ཤེས་ཉེར་འཐིབས་པའི། །

ལུས་སེམས་འབྲལ་བའི་སྡུག་བསྔལ་མཐའ་དག་ཀྱང་། །

ཏིང་འཛིན་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །

 

ཕུང་པོ་ཡེ་ཤེས་བཞི་དང་ཁམས་བཞི་དང་། །

དབང་བཞི་ཡུལ་བཞི་རགས་པ་ཉི་ཤུའི་ཚོགས། །

ཐིམ་ནས་དབང་ཤེས་ནང་དུ་སྡུད་པའི་ཚེ། །

རང་སེམས་གཡོ་མེད་གདིང་དང་ལྡན་པར་ཤོག །

 

ཕྲ་བ་ནང་གི་འབྱུང་བཞི་གཅིག་ལ་གཅིག །

ཐིམ་ཚེ་དབུ་མར་རླུང་ཆུད་ནང་རྟགས་སུ། །

སྟོང་གཟུགས་འཆར་བ་རིག་རྩལ་ངོ་ཤེས་ནས། །

འོད་གསལ་ངང་ལ་གཡོ་བ་མེད་པར་ཤོག །

 

ས་ནི་ཆུར་ཐིམ་ལུས་ཀྱི་ཟུངས་འཆོར་ཞིང་། །

འགུལ་བསྐྱོད་མི་ནུས་དོང་དུ་ལྷུང་སྙམ་བྱེད། །

དུ་བ་ལྟ་བུའི་བན་བུན་ལང་ལོང་འཆར། །

ས་རླུང་དབུ་མར་ཐིམ་པ་ངོ་ཤེས་ཤོག །

 

ཆུ་ནི་མེར་ཐིམ་ཁ་ཆུ་སྣ་ཆུ་ནི། །

མང་དུ་འཛག་མཐར་རླན་གཤེར་ཆ་རྣམས་བསྐམ། །

སྨིག་རྒྱུ་ལྟར་གཡོ་ཆར་ཟིམ་འབེབ་འདྲ་མཐོང་། །

ཆུ་རླུང་དབུ་མར་ཐིམ་པ་ངོ་ཤེས་ཤོག །

 

མེ་ནི་རླུང་ཐིམ་ལུས་དྲོད་ཆུང་དུ་འགྲོ། །

མཐའ་ཡི་དྲོད་རྣམས་སྙིང་གར་སྟོད་དུ་འདུས། །

དམར་འོད་ཙག་ཙིག་མེ་ཁྱེར་ལྟ་བུར་འཕྲོ། །

མེ་རླུང་དབུ་མར་ཐིམ་པ་ངོ་ཤེས་ཤོག །

 

རླུང་ནི་རྣམ་ཤེས་ཐིམ་ཚེ་དབུགས་ཕྱིར་དོན། །

ནང་དུ་ཅུང་ཟད་སྡུད་ཀྱང་ཐུང་ལ་རྩུབ། །

བསིར་བུས་མ་བསྐྱོད་མར་མེ་ལྟ་བུར་གསལ། །

རླུང་གི་རླུང་ཉིད་ཐིམ་པ་ངོ་ཤེས་ཤོག །

 

དེ་ཚེ་རླུང་བཞི་རིམ་གྱིས་ཞི་བའི་མཐར། །

བསྐལ་པ་ལས་ཀྱི་རླུང་ཆེན་དེ་བསྐྱོད་པས། །

ཤེས་པ་ཟ་ཟི་བན་བུན་ཕྱད་ཕྱོད་བྱེད། །

རྩ་ཕྲན་ཁྲག་རྣམས་སྲོག་རྩར་འདུས་པ་ཡིས། །

སྣང་ཤེས་ས་སྲོས་བཞིན་དུ་འཐིབ་ཀྱིས་འགགས། །

རིག་པ་སྙིང་དཀྱིལ་འདུས་སྟེང་ཁྲག་ཐིགས་གཅིག །

བརྒྱབས་པས་ཁ་མིག་སྐྱ་ལོག་དབུགས་ཕྱི་རུ།

ཁྲུ་གང་ཆད་ནས་ཁྲག་ཐིགས་གཉིས་པ་བརྒྱབས། །

མགོ་གུག་ཧ་ཞེས་དབུགས་ནི་མདའ་གང་ཕྱིར། །

ཆད་ནས་ཁྲག་ཐིགས་གསུམ་པས་ཨིག་ཅེས་ཟེར། །

འདོམ་གང་ཕྱིར་སོང་ཕྱི་དབུགས་ཆད་པའི་ཚེ། །

རླུང་ནི་རྣམ་ཤེས་ཐིམ་པར་ངོ་ཤེས་ཤོག །

 

དེ་ནས་རྣམ་ཤེས་ནམ་མཁའ་ལ་ཐིམ་ཚེ། །

ཕྱི་རྟགས་འོད་ལྔ་སྨིག་རྒྱུ་ལྟ་བུར་གཡོ། །

ནང་རྟགས་སྤྲོས་བྲལ་གསལ་ལ་རྟོག་མེད་འཆར། །

སྣང་བའི་ཡེ་ཤེས་རང་ངོ་ཤེས་པར་ཤོག །

 

སྤྱི་བོའི་ཧཾ་ལས་དཀར་ཆ་སྙིང་དབུས་ཀྱི། །

ཐིག་ལེར་ཐིམ་པས་ཕྱི་རྟགས་དཀར་ལམ་དང་། །

ནང་རྟགས་སྔར་ལས་གསལ་ལ་འཛིན་མེད་འཆར། །

མཆེད་པའི་ཡེ་ཤེས་རང་ངོ་ཤེས་པར་ཤོག །

 

ལྟེ་བའི་ཨ་ཐུང་དམར་པོ་གྱེན་དུ་རྒྱུ། །

ཐིག་ལེ་ལ་ཐིམ་ཕྱི་རྟགས་དམར་ལམ་དང་། །

ནང་གསལ་ཆེས་ཕྲ་རླུང་སེམས་དབྱེར་མེད་འཆར། །

ཐོབ་པའི་ཡེ་ཤེས་རང་ངོ་ཤེས་པར་ཤོག །

 

སྣང་བས་ཞེ་སྡང་རྟོག་པ་སོ་གསུམ་འགགས། །

མཆེད་པས་འདོད་ཆགས་རྟོག་པ་བཞི་བཅུ་དང་། །

ཐོབ་པས་གཏི་མུག་རྟོག་པ་བདུན་བཅས་པའི། །

སྣང་མཆེད་ཐོབ་པའི་ཡེ་ཤེས་གསུམ་སྒྲིབ་པའི། །

དུག་གསུམ་ལས་གྱུར་རང་བཞིན་བརྒྱད་ཅུ་ཡི། །

རྟོག་པའི་ཉོན་མོངས་མཐའ་དག་རང་འགགས་ནས། །

རང་བཞིན་སྟོང་པ་ཤིན་ཏུ་སྟོང་པ་དང་། །

སྟོང་པ་ཆེན་པོའི་འོད་གསལ་མཐར་ཕྱིན་ཤོག །

 

རྣམ་ཤེས་ཨ་ཧཾ་འབར་འཛག་གིས་འཐུམས་ཚེ། །

ཕྱི་རྟགས་ནག་ལམ་མུན་པ་ལྟ་བུའི་ཉམས། །

ནང་རྟགས་སྟོན་གནམ་གཡའ་དག་ལྟར་འཆར་ཚེ། །

ཉེར་ཐོབ་ཡེ་ཤེས་རང་ངོ་ཤེས་པར་ཤོག །

 

དེ་ཉིད་ཀ་དག་གནས་ལུགས་ངོ་བོ་སྟོང་། །

རང་རྩལ་གསལ་བའི་བདེ་བ་དམིགས་སུ་མེད། །

ཕྲ་རགས་ཡེ་ཤེས་ཀུན་གྱི་འཆར་གཞི་སྟེ། །

འཆི་བ་འོད་གསལ་ཆོས་སྐུ་མངོན་གྱུར་ཤོག །

 

དེ་ལྟར་ཁྲེགས་ཆོད་ཀ་དག་དགོངས་པ་ཡི། །

སེམས་ཉིད་སྟོང་པའི་ཆ་ལས་ཆོས་སྐུ་ཡི། །

འོད་གསལ་རྣམ་བཞི་རིམ་གྱིས་འཆར་བའི་ཚེ། །

ངོ་འཕྲོད་ཀ་དག་གཞི་ལ་རང་གྲོལ་ཤོག །

 

དེ་ནས་ཆོས་ཉིད་བར་དོར་འོད་གསལ་ལ། །

ནམ་མཁའ་ཐིམ་ཚེ་གཞི་སྣང་འོད་གསལ་དང་། །

ཟུང་འཇུག་ཚོམ་བུ་ཡེ་ཤེས་བཞི་སྦྱོར་དང་། །

ལྷུན་གྲུབ་ཆེན་པོའི་སྣང་ལུགས་རྣམ་བཞི་སྟེ། །

 

དང་པོ་གཞི་སྣང་འོད་གསལ་སྣང་བ་ནི། །

མདུན་མཁར་ཡེ་ཤེས་འོད་ལྔའི་ཐིག་ལེ་ལས། །

འཇའ་ཚོན་སྣ་ལྔའི་ཟེར་ཐགས་མིག་དང་འབྲེལ། །

དེ་ཉིད་ཐུགས་རྗེ་རྒྱུན་ཆད་མེད་པ་ཡི། །

ཐག་པ་རྡོར་སེམས་གསེང་ལམ་ངོ་ཤེས་ནས། །

མ་ཡེངས་རིག་པ་རྩེ་གཅིག་གཏད་པ་ཡིས། །

སྐར་མདའ་འཕངས་ལྟར་ཡར་གྱི་ཟང་ཐལ་དུ། །

སྐད་ཅིག་ཆོས་ཉིད་མ་བུ་འདྲེས་པར་ཤོག །

 

ངོས་མ་ཟིན་ན་དེ་ཉིད་ལས་མཆེད་པའི། །

དུས་མ་འགྱུར་ཀྱང་སྣང་བ་འགྱུར་བ་ཡི། །

འོད་གསལ་ཞིང་ཁམས་རྒྱ་ཆེ་ལྷུན་སྡུག་པར། །

ཕྲ་ལ་དྭངས་ཤིང་གསལ་ལ་འཚེར་བ་ཡི། །

འོད་ཟེར་ཕུང་པོ་མེར་མེར་ཤིག་ཤིག་ཏུ། །

ཡོམ་ཡོམ་འགུལ་བས་སྣང་སྲིད་ཁྱབ་པར་འཆར། །

དེ་དག་ཐམས་ཅད་རང་གི་སྣང་བའི་རྩལ། །

རྟོགས་པའི་མོད་ལ་སྐད་ཅིག་གྲོལ་བར་ཤོག །

 

དབྱིངས་དེར་ཟུང་འཇུག་ཚོམ་བུའི་སྣང་བ་ནི། །

མཐོང་ཐོས་མི་བཟོད་སྒྲ་འོད་ཟེར་སྣང་དང་།

ཁྲོ་ཚུལ་འཇིགས་པའི་སྟངས་སྟབས་ཧཱུྃ་ཕཊ་སྒྲ། །

སྙིང་ནང་ཞི་བའི་རང་གདངས་ཕྱིར་ཤར་བའི། །

 

རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུས་དེར་སྣང་། །

འོད་ལྔའི་གུར་ཁྱིམ་རིགས་ལྔ་གཙོ་དང་འཁོར། །

ལྔ་ལྡན་ཚོམ་བུ་བྱེ་བ་གྲངས་མེད་འཆར། །

མེ་ལོང་བྱད་བཞིན་རང་ངོ་ཤེས་པར་ཤོག །

 

སྙིང་ནས་འོད་ཀྱི་ཟེར་ཐགས་ཕར་འཕྲོས་པས། །

ཚོམ་བུའི་ལྷ་ཡི་ཐུགས་ཀར་ཐིམ་པའི་ཚེ། །

རིག་པ་འོད་ལ་འཇུག་པ་ངོ་ཤེས་ནས། །

རང་རིག་ལྷ་སྐུར་གཉིས་མེད་གྲོལ་བར་ཤོག །

 

ལྷ་རྣམས་ཐུགས་ལས་འོད་ཟེར་སྙིང་གར་ཟུག །

རིག་རྩལ་བུ་ལྟར་ཤར་བའི་ཚོམ་བུའི་ལྷ། །

རང་རིག་མ་པང་བུ་ལྟར་ཚུར་ཐིམ་པས། །

འོད་རྣམས་རིག་པར་འཇུག་པ་ངོ་ཤེས་ཤོག །

 

ཟུང་འཇུག་ཡེ་ཤེས་ཐིམ་པའི་དུས་ཀྱི་ཚེ། །

སྙིང་ནས་མཐིང་དཀར་སེར་དམར་འོད་བཞི་པོ། །

ནམ་མཁར་སྣམ་བུ་བརྐྱངས་ལྟར་རིམ་བརྩེགས་སྟེང་། །

སོ་སོའི་མདོག་མཚུངས་འོད་ཀྱི་ཐིག་ལེ་ནི། །

ཕོར་པ་ཁ་སྦུབས་ལྟ་བུ་རེ་རེ་ལ། །

འོད་ལྔའི་ཐིག་ཕྲན་ལྔ་ལྔས་བརྒྱན་པ་འཆར། །

ཤེས་པ་མི་འགྱུར་གསེར་གྱི་ཐུར་མ་འདྲའི། །

ཡེ་ཤེས་བཞི་སྦྱོར་ཀློང་དེར་གྲོལ་བར་ཤོག །

 

ཡེ་ཤེས་སྣང་བ་ལྷུན་གྲུབ་ལ་ཐིམ་ཚེ། །

རང་སྣང་གཡའ་བྲལ་ནམ་མཁའ་ལྟ་བུ་ཡི། །

ཐིག་ལེ་མཐིང་ག་འོད་ལྔའི་མུ་ཁྱུད་ཅན། །

རྒྱ་ཁྱོན་བསམ་འདས་ཀུན་བཟང་ངོ་བོའི་ཀློང་། །

 

སྟེང་ངོས་ཁྲོ་བོ་ཐད་ཀར་ཞི་བའི་ཚོགས། །

ཕྱོགས་མཚམས་སྤྲུལ་སྐུའི་ཞིང་རྣམས་བཀོད་ལེགས་འོག །

རིགས་དྲུག་གནས་དང་འདུལ་བྱེད་སྟོན་པར་བཅས། །

 

ཐུགས་རྗེ་ལྟར་ཤར་འཁོར་འདས་རྒྱ་མ་ཆད། །

འོད་ལྟར་ཤར་བས་སྣང་བ་ནང་ན་གསལ། །

སྐུ་ལྟར་ཤར་བས་ཤེས་པ་ཕྱིར་མ་ཤོར། །

ཡེ་ཤེས་ལྟར་ཤར་སྣང་བ་ཟང་ཐལ་ངང་། །

གཉིས་མེད་ལྟར་ཤར་ཤེས་པ་རྩེ་གཅིག་གནས། །

མཐའ་གྲོལ་ལྟར་ཤར་རྟག་ཆད་མཐར་མ་ལྷུང་། །

མ་དག་སྒོ་ཤར་སྲིད་པའི་ཁུངས་མ་འགགས། །

དག་པའི་སྒོ་ཤར་ཆོས་ཉིད་མ་བུ་འདྲེས། །

འཆར་ཚུལ་བརྒྱད་ཀྱི་ཡིན་ལུགས་ངོ་འཕྲོད་ཤོག །

 

ལྷ་ཉིད་རྗེས་དྲན་ཡི་དམ་ལྷ་ཞལ་མཐོང་། །

ལམ་རྗེས་དྲན་པས་བར་དོའི་ཆོས་ཉིད་དབང་། །

སྐྱེ་གནས་རྗེས་དྲན་སྤྲུལ་སྐུའི་ཞིང་དབུགས་འབྱིན། །

བསམ་གཏན་རྗེས་དྲན་ཞག་ལྔར་བསམ་གཏན་གནས། །

གདམས་ངག་རྗེས་དྲན་རང་སྣང་གཉིས་མེད་སྤྱོད། །

ལྟ་བ་རྗེས་དྲན་ངོ་ཤེས་ཕྲད་ལྟར་གྲོལ། །

 

དབང་པོའི་མངོན་ཤེས་ཞིང་མཐོང་སྔོན་གནས་ཤེས། །

སེམས་ཀྱི་མངོན་ཤེས་འཆི་འཕོ་སྐྱེ་བ་ཤེས། །

ཤེས་རབ་མངོན་ཤེས་ཕ་རོལ་གཞན་སེམས་ཤེས། །

ཡེ་ཤེས་མངོན་ཤེས་ལྐོག་གྱུར་ཆོས་ཀུན་ཤེས། །

ཡེ་ཤེས་གཟིགས་པའི་མངོན་ཤེས་སྤྲུལ་པ་འགྱེད། །

ཟག་མེད་མངོན་ཤེས་འཁོར་འདས་ཆོས་ཀུན་ཤེས། །

 

གཟུངས་དང་ཏིང་འཛིན་གྲངས་མེད་དབང་འབྱོར་ནས། །

ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་བཞེངས། །

གྲངས་མེད་ཞིང་བགྲོད་བདེ་གཤེགས་ཆོས་ཉན་ཞིང་། །

སེམས་ཅན་ཀུན་འདྲེན་སྤྲུལ་པ་འགྱེད་ནུས་ཤོག །

 

དེ་ལྟར་ལྷུན་གྲུབ་སྣང་བར་གདིང་ཐོབ་ནས། །

འཆར་ལུགས་བརྒྱད་ལྟར་སོ་སོ་རང་ཐིམ་ནས། །

 

ཐུགས་རྗེ་ཐུགས་རྗེར་ཐིམ་པས་ཉི་མའི་ཟེར། །

ཉི་མར་སྡུད་ལྟར་གཟིགས་སྣང་ཡུལ་ལས་འདས། །

 

འོད་ལ་འོད་ཐིམ་འཇའ་ཚོན་ཡལ་བ་ལྟར། །

མཚན་མའི་རིས་མེད་དབྱིངས་སུ་རོ་གཅིག་འདྲེས། །

 

སྐུ་ལ་སྐུ་ཐིམ་བུམ་པའི་སྐུ་ལྟར་དུ། །

མཚན་མའི་ཞལ་ཕྱག་མ་གྲུབ་རྣམ་པར་དག །

 

ཡེ་ཤེས་ཡེ་ཤེས་ལ་ཐིམ་མའི་པང་དུ། །

བུ་འཇུག་ཇི་བཞིན་ཆོས་ཉིད་མ་བུ་འདྲེས། །

 

གཉིས་མེད་གཉིས་མེད་ལ་ཐིམ་ཆུ་ལ་ཆུ། །

ཐིམ་ལྟར་གདོད་མའི་ཆོས་སྐུར་རོ་གཅིག་གྱུར། །

 

མཐའ་གྲོལ་མཐའ་གྲོལ་ལ་ཐིམ་སྣོད་ཀྱི་མཁའ། །

ཕྱི་ཡི་ནམ་མཁར་ཐིམ་ལྟར་བློ་འདས་དབྱིངས། །

 

འཁོར་བའི་སྒོ་མོ་ཡེ་ཤེས་སྒོར་ཐིམ་པས། །

སྦྲ་ཆོན་བསྡུས་ལྟར་ཉག་གཅིག་ཐིག་ལེར་འདུས། །

 

དག་པ་ཡེ་ཤེས་ངོ་བོ་ལ་ཐིམ་པས། །

སེང་གེས་གངས་ལ་ཟིན་ལྟར་རིག་པ་སྟེ། །

གདོད་མའི་གྲོལ་གཞིར་ཕྱིན་པས་ཡ་ང་བྲལ། །

ཀུན་བཟང་རྒྱལ་སར་གཏན་སྲིད་ཟིན་པར་ཤོག །

 

ཆོས་ཉིད་བར་དོར་ཉམས་ལེན་གདེང་མེད་ན། །

འཆི་བ་འོད་གསལ་ཆོས་སྐུར་གནས་པའི་དུས། །

ཟུང་འཇུག་སྐུར་ལྡངས་བཙན་ཐབས་འཕོ་བ་ཡིས། །

དཔག་ཆེན་མདའ་ལྟར་དག་ཞིང་འགྲོ་ནུས་ཤོག །

 

ཆོས་ཉིད་བར་དོ་ལོངས་སྐུར་མ་གྲོལ་ན། །

སྲིད་པ་བར་དོ་རྨི་ལམ་ལྟར་སྣང་ཡང་། །

བླ་མ་མཆོག་དང་ཟབ་མོའི་གདམས་ངག་དང་། །

འོད་གསལ་ཆོས་ཉིད་མངོན་སུམ་གོམས་པའི་མཐུས། །

དག་པའི་ཞིང་རྣམས་ཡིད་ལ་དྲན་མ་ཐག །

མངོན་དགའི་ཞིང་སྐྱེས་མི་བསྐྱོད་ཞལ་མཐོང་སྟེ། །

དཔལ་ལྡན་རིན་འབྱུང་དྲུང་ལས་དབང་ཐོབ་ཅིང་། །

པདྨོ་བརྩེགས་པར་སྣང་མཐས་ལུང་བསྟན་ཐོབ། །

ལས་རབ་དོན་ཡོད་གྲུབ་པས་དབུགས་དབྱུང་ནས། །

སྟེང་གི་ནམ་མཁར་ཁྲོ་བོའི་དཀྱིལ་འཁོར་ཉིད། །

མཐོང་མ་ཐག་ཏུ་རང་སྣང་ངོ་ཤེས་ནས། །

ཀ་དག་གདོད་མའི་གཞི་དབྱིངས་ཆེན་པོ་རུ། །

ནང་གསལ་སྐུ་དང་ཡེ་ཤེས་འབྲལ་མེད་ངང་། །

རྟག་པ་རྒྱུན་གྱི་འཁོར་ལོར་རྟག་བཞུགས་ནས། །

མཐའ་ཀླས་སེམས་ཅན་གང་ལ་གང་འདུལ་དུ། །

དཔག་ཡས་སྤྲུལ་པས་འཁོར་བ་མ་སྟོངས་བར། །

བུམ་བཟང་དཔག་བསམ་ཤིང་དང་ནོར་བུ་ལྟར། །

ཐུགས་རྗེ་རྒྱུན་མི་འཆད་པའི་ཕྲིན་ལས་ཀྱིས། །

མཁའ་ཁྱབ་སྲིད་མཚོར་བྱིང་བའི་འགྲོ་བ་ཀུན། །

སྒྲོལ་བའི་དེད་དཔོན་ཆེན་པོར་བདག་འགྱུར་ཤོག །

 

ཅེས་རང་བཞིན་རྫོགས་པ་ཆེན་པོའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་ལེན་པ་དག་ནི་ཚེ་འདིར་རང་བཞིན་བསམ་གཏན་གྱི་བར་དོ་ལ་བོགས་འདོན་ཞིང་། འཆི་ཁ་བར་དོའི་འོད་གསལ་ཆོས་སྐུའི་དབྱིངས་དང་། ཆོས་ཉིད་བར་དོའི་ལྷུན་གྲུབ་ལོངས་སྐུའི་སྣང་བ། སྲིད་པ་བར་དོའི་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་རྣམས་སུ་གྲོལ་བའི་སྨོན་ལམ་ཟབ་མོ་འཁོར་འདས་ཞིང་ཀུན་གཅིག་ཅར་གཅོད་པའི་རྩལ་ཆེན་མཁའ་ལྡིང་གཤོག་རླབས་ཞེས་པ་འདི་ཡང་། ཞི་དུལ་བྱང་ཆུབ་སེམས་ཀྱིས་རྒྱུད་ཡོངས་སུ་སྨིན་ཅིང་ཐར་པ་དོན་དུ་གཉེར་བའི་བླ་མ་བསྟན་འཛིན་རྡོ་རྗེས་གནས་སྐབས་ཀྱི་ཉམས་ལེན་བསྐྱང་ཚུལ་དང་། འཆི་དུས་སུ་བར་དོ་རང་ངོ་འཕྲོད་པའི་སྨོན་ལམ་རྒྱུན་གྱི་ཁ་ཏོན་བྱེད་རྒྱུར་དགོས་ཞེས་ནན་ཏན་ཆེན་པོས་རིང་མོ་ནས་བསྐུལ་ཀྱང་ཆོས་བརྒྱད་བྲེལ་གཡེང་གིས་བགྲང་བྱ་ཁ་ཤས་ལུས་པར། འབྲུ་མང་ཞེས་པ་ས་ཕོ་སྟག་ལོའི་རྒྱལ་བའི་དུས་ཆེན་བཞི་འཛོམས་དབྱར་ར་ས་ག་ཟླ་བར། རྣལ་འབྱོར་མཆོག་ལ་ནང་བྱན་ཆུད་པའི་བཤེས་གཉེན་མང་ཙམ་གྱི་གཙོས་སྐལ་བཟང་གི་སློབ་མ་བརྒྱ་ཕྲག་གསུམ་ལྷག་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་རྡོ་རྗེ་གསུམ་གྱི་རྩ་ཁྲིད་སྨིན་རྒྱས་སུ་མནོས་སྐབས། རང་ཉིད་ཀྱང་གཞི་འབྲས་སྦྲེལ་བའི་ལམ་གྱི་ཉམས་ལེན་ཁྱད་པར་ཅན་རྣམས་མེ་ལོང་གཟུགས་བཞིན་སྒྲིབ་མེད་ཡིད་ལ་ལེགས་པར་ཤར་བའི་རྐྱེན་གྱིས་དྲན་པའི་གསོས་སུ་མྱུར་བར་བསྐུལ་ནས། དོན་གཉེར་ཅན་ཡོངས་ལ་ཕན་པའི་བསམ་པས་ཀུན་ནས་བླང་སྟེ། མོས་གུས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་ཤིང་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རྣལ་འབྱོར་པ་འགྱུར་མེད་ཀུན་བཟང་རྣམ་པར་རྒྱལ་བའམ། པདྨ་གསང་སྔགས་བསྟན་འཛིན་དུ་འབོད་པས་ངེས་འབྱུང་སྐྱོ་ཤས་ཀྱི་ཉམས་དང་འོད་གསལ་ཆོས་ཉིད་ཀྱི་སྣང་ཆ་བརྟན་པོ་ཤུགས་འབྱུང་དུ་འཆར་བཞིན་པ་ལས། གསར་རྙིང་རྒྱུད་སྡེ་ཀུན་དང་མི་འགལ་ཞིང་ཐེག་མཆོག་རྡོ་རྗེ་སྙིང་པོའི་དགོངས་དོན་དང་འབྲེས་བར་བྱས་ཏེ། སྣྲོན་ཟླའི་བཟང་པོ་དང་པོའི་ཚེས་ལ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་རིག་བྱེད་འཛིན་པ་འགྱུར་མེད་བཟང་པོས་བགྱིས་པའི་དགེ་བས་ལུས་ཅན་མཐའ་དག་མ་དག་འཁྲུལ་པའི་སྣང་བ་ཐམས་ཅད་བདེ་སྟོང་ཡེ་ཤེས་ཀྱི་ངོ་བོར་ཤེས་ནས་གཞི་འབྲས་དབྱེར་མེད་ཀ་དག་གདོད་མའི་གོ་འཕང་མཆོག་དེ་མངོན་དུ་བརྙེས་པར་གྱུར་ཅིག །ཉམས་མྱོང་གདིང་ཚད་རྙེད་པའི་རྟོགས་པ་གང་། །རྣམ་དག་སྨོན་ལམ་ཕྲེང་བར་སྤེལ་བས་ན། །ནན་ཏན་ཉམས་ལེན་ལྷུར་བྱེད་གང་ཟག་དེར། །བྱིན་རླབས་རྩོལ་མེད་འཇུག་པར་གདོན་མི་ཟ། །སླར་ཡང་དེ་སྐད་ཅེས་གདམས་སོ།། །།

 

ཞེ་ཆེན་རབ་འབྱམས་སྐུ་ཕྲེང་གཉིས་པ།

Hundred Peaceful & Wrathful Deities

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept