བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཆོས་ཉིད་མཁའ་འགྲོའི་གསང་མཛོད་ལས༔ གྲོ་ལོད་སྒྲུབ་ཐབས་བྱིན་རླབས་མཆོག་སྟེར་ཟབ་མོ༔

English | Deutsch | Español | Português | བོད་ཡིག

ཆོས་ཉིད་མཁའ་འགྲོའི་གསང་མཛོད་ལས༔ གྲོ་ལོད་སྒྲུབ་ཐབས་བྱིན་རླབས་མཆོག་སྟེར་ཟབ་མོ་བཞུགས༔

 

ན་མོ་པདྨ་ཀཱ་ར་ཡེ༔

སྐུ་གསུམ་རིགས་འདུས་ཧེ་རུ་ཀ༔
ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔
དེ་ཡི་སྒྲུབ་ཐབས་ཟབ་མོ་ནི༔
སྐལ་ལྡན་བུ་ཡི་དོན་དུ་བསྟན༔
ས་མ་ཡ༔

སྐྱབས་སུ་འགྲོ་དང་སེམས་བསྐྱེད་ནི༔

ན་མོ༔ དུས་གསུམ་རྒྱལ་བའི་སྤྱི་དཔལ་མཆོག༔

རིག་འཛིན་བླ་མར་སྐྱབས་སུ་མཆི༔

མ་གྱུར་འགྲོ་བ་སེམས་ཅན་ཀུན༔

ཡང་དག་སར་འགོད་སེམས་བསྐྱེད་དོ༔

ལན་གསུམ༔

དངོས་གཞིའི་དཀྱིལ་འཁོར་བསྒོམ་པ་ནི༔

ཨཱཿ འཁོར་འདས་ཆོས་ཀུན་སྟོང་པའི་ངང༔

རང་མདངས་སྙིང་རྗེ་ཆེན་པོར་ཤར༔

རིག་པ་རྒྱུ་ཡིག་ཧཱུྃ་དམར་ནག༔

དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད༔

བྱིན་རླབས་ཚུར་བསྡུས་ཧཱུྃ་ལ་ཐིམ༔

ཕྱི་སྣོད་པདྨ་འོད་ཀྱི་ཞིང༔

ནང་བཅུད་དཔའ་བོ་མཁའ་འགྲོའི་དལ༔

དེ་དབུས་ལྷུན་གྲུབ་གཞལ་ཡས་ཁང༔

ཚད་དང་མཚན་ཉིད་ཡོངས་རྫོགས་ཀློང༔

པདྨ་ཉི་ཟླའི་གདན་གྱི་སྟེང༔

རང་ཉིད་རྡོ་རྗེ་གྲོ་བོ་ལོད༔

དམར་སྨུག་མདངས་ལྡན་ཞལ་གཅིག་པ༔

སྤྱན་གསུམ་སྡང་མིག་དབྱིངས་སུ་གཟིགས༔

ཨམ་གཙིགས་མཆེ་བ་རྣོ་དཀར་ལྡན༔

དབུ་སྐྲ་དམར་སེར་གཡས་སུ་འཁྱིལ༔

ཐོད་སྐམ་དབུ་རྒྱན་རྩེ་བྲན་མཛེས༔

ཕྱག་གཡས་རྡོ་རྗེ་རྩེ་དགུ་ཕྱར༔

གནོད་བྱེད་རྒྱལ་གདོན་རྡུལ་དུ་བརླག༔

གཡོན་པས་ཕུར་པ་བགེགས་ལ་གཟིར༔

ལོག་འདྲེན་དམ་སྲི་ཟིལ་གྱིས་གནོན༔

སྐུ་ལ་ཕོད་ཀ་བེར་ཆེན་དང༔

ཐང་ཤམ་བླ་གོས་ཆོས་གོས་གསོལ༔

ཐོད་རློན་ཕྲེང་བས་དོ་ཤལ་འཕྱངས༔

ཞབས་གཉིས་དོར་སྟབས་མེ་དཔུང་ཀློང༔

སྟག་མོ་གྲུས་མའི་སྟེང་ན་འགྱིང༔

སྣང་ལ་རང་བཞིན་མེད་པར་བསྒོམ༔

དེ་ལྟར་གསལ་བའི་གནས་གསུམ་ལས༔

འོད་འཕྲོས་རྒྱལ་བའི་ཞིང་ལ་ཕོག༔

རྒྱལ་ཀུན་ཐུགས་རྒྱུད་མ་ལུས་བསྐུལ༔

རྡོ་རྗེ་གྲོ་ལོད་རྣམ་པར་རུ༔

སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར༔

ཐུགས་ཀར་རྡོ་རྗེའི་ལྟེ་བ་རུ༔

ཧཱུྃ་ཡིག་དམར་ནག་མཐའ་མ་ལ༔

སྔགས་ཀྱི་ཕྲེང་བས་གཡས་སུ་འཁོར༔

འོད་འཕྲོས་དོན་གཉིས་བྱས་ཚུར་བསྡུས༔

སྣང་སྲིད་ལྷ་ཡི་ཕྱག་རྒྱར་སྨིན༔

སྒྲ་གྲགས་སྔགས་ཀྱི་འཁོར་ལོར་དག༔

དྲན་རྟོག་མཉམ་ཉིད་ཆོས་སྐུར་རྫོགས༔

མ་འཁྲུལ་ཡེ་ཡིན་ཆེན་པོའི་ངང༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་སརྦ་སིདྡྷི་ཧཱུྃ༔

དེ་ལྟར་དམིགས་གནད་ལྡན་པ་ཡིས༔
བྱེ་བ་བཟླས་པས་འགྲུབ་པར་ངེས༔
ཐེ་ཚོམ་མེད་དོ་ས་མ་ཡ༔

སྐབས་སུ་ཕྲིན་ལས་རྣོ་སོ་ནི༔

རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔

འོད་ཟེར་ལྕགས་སྡིག་ནག་པོ་ནི༔

མགོ་དགུ་ལུས་པོ་མིག་གིས་གང༔

ཁ་རླངས་ན་བུན་འཐིབ་པ་བཞིན༔

མེ་དཔུང་མཚོན་ཆ་ཐ་ར་ར༔

གནོད་བྱེད་རྒྱལ་འགོང་དམ་སྲི་ཀུན༔

རྡུལ་བརླག་ཟས་ཟོས་ཁྱུར་མིད་བཏང༔

རྗེས་ཤུལ་ལྷག་མེད་བསྲེགས་པར་བསམ༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཀྴ་གྲོ་བོ་ལོད་སརྦ་དུཥྚན་མཱ་ར་ཡ་ཧཱུྃ་ཕཊ༔

མ་ཡེངས་ཏིང་འཛིན་གསལ་པའི་ངང༔
བཟླས་པས་རྒྱལ་གདོན་གནོད་མི་ཚུགས༔
ཟབ་བོ་ཕྱི་རབས་ལས་འཕྲོ་ཅན༔
རྟགས་མཚན་ལག་ཏུ་ལོངས་དང་གསལ༔
གཅིག་བརྒྱུད་གསང་བར་ཉམས་སུ་ལོངས༔
ས་མ་ཡ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ བརྡ་ཐིམ༔

སྲོག་གི་སྤུ་གྲྀས་གཉེར་གྱིས་ཤིག༔
དམ་ཉམས་ལག་ཏུ་མ་ཤོར་བར༔
ཐུབ་པར་སྲུངས་ཤིག ཌཱཀྐིའི་རྒྱ༔

 

ཅེས་པའང་སྤྲུལ་པའི་སྐུ་མཆོག་ས་མནྟ་སུརྻའི་བཀའ་སྩལ་སྤྱི་བོར་སོན་ཚེ་སུ་ཁ་བཛྲ་རྩལ་གྱིས་མཁའ་འགྲོའི་བརྡ་ལས་དག་པར་བྲིས་པའོ།།

 

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

Dorje Drolö

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept