བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

མཁའ་འགྲོའི་ཚོགས་མཆོད་ཀུན་བཟང་དགྱེས་སྐོང་དངོས་གྲུབ་ཆར་འབེབས༔

English | བོད་ཡིག

༄༅། །ཆོས་ཉིད་མཁའ་འགྲོའི་གསང་མཛོད་ལས༔ མཁའ་འགྲོའི་ཚོགས་མཆོད་ཀུན་བཟང་དགྱེས་སྐོང་དངོས་གྲུབ་ཆར་འབེབས་བཞུགས༔

 

ན་མོ་པདྨ་ཀཱ་ར་ཡེ༔

ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ ཚོགས་གཉིས་བསགས་པའི་ཐབས་ཟབ་མོ༔ མཆོད་པར་འོས་བའི་རྫས་ཀུན་བསགས༔ ལྷ་ཡི་ཏིང་འཛིན་ལྡན་པའི་ངང༔ བྱིན་གྱིས་བརླབས་ལ་འདི་སྐད་དོ༔

ཧཱུྃ་ཧྲཱིཿ སྣོད་བཅུད་རྣམ་དག་བྷནྡྷའི་ནང༔

བདེ་སྟོང་ཡེ་ཤེས་རྫས་ཀྱིས་བཀང༔

ཡེ་ཤེས་མཁའ་འགྲོ་དགྱེས་པའི་རྫས༔

ཀུན་བཟང་མཆོད་པའི་སྤྲིན་དུ་གྱུར༔

རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔

སྤྱན་འདྲེན་ནི༔

ཧཱུྃ་ཧྲཱིཿ རང་སྣང་དག་པ་ཆོས་དབྱིངས་ཞིང་ཁམས་ནས༔

སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་རྗེ་མོ་མཆོག༔

ཌཱ་ཀི་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔

གནས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་ཚོགས༔

འདུ་བ་ཚོགས་ཀྱི་འཁོར་ལོར་གཤེགས་སུ་གསོལ༔

རིན་ཆེན་པདྨ་ཉི་ཟླའི་གདན་ལ་བཞུགས༔

བཛྲ་ས་མ་ཡ་ཏིཥྛ་ལྷན༔

ཚོགས་ཕུད་འབུལ་བ་ནི༔

ཧཱུྃ་ཧྲཱིཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མ་ལུས་ལ༔

གཟུང་ཡུལ་གནས་དག་འདོད་ཡོན་མཆོད་པ་ཆེ༔

ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལྷ་ལ་འབུལ༔

དགྱེས་བཞེས་གསང་བ་ མཆོག་གི་དངོས་གྲུབ་སྩོལ༔

མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔

བཤགས་པ་ནི༔

ཧོཿ བདག་ནི་གསང་བ་བླ་མེད་སྒོར་ཞུགས་ཏེ༔

དམ་ཚིག་ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ༔

འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔

ཚངས་པར་བསྩལ་ནས་དངོས་གྲུབ་མཆོག་ཐོབ་ཤོག༔

ཨོཾ་ག་ཎ་ཙཀྲ་ས་ཏྭ་ས་མ་ཡ་ཨཱཿ མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ། ཀུ་རུ་ཧཱུྂ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

བསྒྲལ་བསྟབ་ནི༔

ཧཱུྃ་ཧྲཱིཿ ཡེ་ཤེས་མཁའ་འགྲོའི་མཐུ་སྟོབས་ཀྱིས༔

མ་རིག་གཉིས་འཛིན་རུ་ཏྲ་བཀུག༔

བདག་མེད་ཡེ་ཤེས་ཀློང་དུ་བསྒྲལ༔

སྐུ་གསུམ་ལྷ་ཚོགས་ཞལ་དུ་བསྟབས༔

རུ་ཏྲ་མཱ་ར་ཡ་ཕཊ༔

ཛྭ་ལ་རཾ་སརྦ་པཱུ་ཛ་ཁཱ་ཧི༔

དྲང་བ་ནི༔

ཨེ་མ་གསང་བ་ཆེན་པོའི་རྫས་མཆོག་ནི༔

འདོད་ཡོན་ཚིམས་པ་དྲུག་ལྡན་ཆེ༔

ཐབས་ཤེས་རྫས་ནི་བླ་ན་མེད༔

བླང་དོར་བྲལ་བའི་ངང་དུ་རོལ༔

ཨ་ལ་ལ་ཧོ༔

ལྷག་མ་ནི༔

ཕེཾ་བྷྱོཿ་སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔

ཁས་བླངས་དམ་བཅས་ལྷག་སྐྱོང་ཚོགས༔

འདིར་གཤེགས་ལྷག་གཏོར་འདི་ཤེས་ལ༔

བཅོལ་བའི་ལས་རྣམས་ཀུན་འགྲུབ་མཛོད༔

སརྦ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔

བསྔོ་སྨོན་ནི༔

ཧོཿ བདག་གིས་གསང་བའི་དཀྱིལ་འཁོར་དུ༔

བསྐྱེད་བཟླས་ཏིང་འཛིན་བསྒྲུབས་པ་དང༔

ཚོགས་མཆོད་ཕུལ་བའི་བསོད་ནམས་དགེ༔

མ་གྱུར་འགྲོ་བ་ཡོངས་ལ་བསྔོ༔

ཀུན་ཀྱང་སྲིད་པའི་སྡུག་བསྔལ་ལས༔

གྲོལ་ནས་ཡང་དག་སངས་རྒྱས་ཤོག༔

 

སྨོན་ལམ་ཅི་རིགས་དང་མཐའ་བརྒྱན་རྣམས་བྱའོ༔ དེ་ལྟར་དམིགས་གནད་ལྡན་པ་ཡིས༔ ཉམས་སུ་ལོངས་དང་དངོས་གྲུབ་འཐོབ༔ ཚེ་འདིར་རྐྱེན་ཞི་བསམ་པ་འགྲུབ༔ ཕྱི་མ་ཨོ་རྒྱན་མཁའ་འགྲོའི་གླིང༔ པདྨ་འོད་དུ་སྐྱེ་བར་ངེས༔ ཐེ་ཚོམ་མེད་དོ་ས་མ་ཡ༔ དྲེགས་པ་རྣམ་གསུམ་གཉེར་གྱིས་ཤིག༔

སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཌཱཀྐིའི་རྒྱ༔ ཨྠིྀ༔

ཅེས་པ་ཡེ་ཤེས་མཁའ་འགྲོའི་ཚོགས་མཆོད་ཀུན་བཟང་དགྱེས་བསྐང་འདི། བསླབ་གསུམ་ལྡན་པ་དགེ་བཙུན་དམ་པ་པདྨ་རྡོ་རྗེས་ལྷ་རེག་བཅས་ཡང་ཡང་བསྐུལ་ངོར། མི་ལྡོག་ཙམ་དུ་སྤྲང་མོ་མདོ་མེད་འཆོལ་མོ་དུད་འགྲོ་ལྟ་བུའི་འདུ་ཤེས་གསུམ་པ་སུ་ཁ་བཛྲ་གྱིས་ཆོས་ཉིད་དགོངས་པའི་ཀློང་ནས་གང་ཤར་བརྫུན་རིས་སུ་བྲིས་པ་དགེའོ༎ དགེའོ༎ དགེའོ༎

 

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

Dechen Gyalmo

གནས་ཚུལ་འཕར་མ།

BDRC Author Profiles: P742 P7695

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept