The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Praise to Mañjuśrī—Tibetan

English | བོད་ཡིག

༄༅། །འཇམ་དཔལ་ལ་བསྟོད་པ་བློ་གྲོས་རབ་འཕེལ་བཞུགས།

 

ན་མོ་མཉྫུ་ཤྲཱི་ཡེ།

 

དམར་སེར་ཉི་མ་འཆར་ཀའི་ལང་ཚོ་ཅན། །

མཚན་དཔེ་འོད་ཟེར་སྟོང་དུ་འབར་བ་ཡིས། །

འགྲོ་བའི་མ་རིག་མུན་པ་སེལ་མཛད་པ། །

གཞོན་ནུའི་སྐུ་རུ་བསྟན་ལ་ཕྱག་འཚལ་ལོ། །

 

གསུང་ནི་མ་འགགས་ཚངས་པའི་དབྱངས་དང་ལྡན། །

ཐོས་པ་ཙམ་གྱིས་ཀུན་གྱི་ཡིད་འཕྲོག་པས ། །

ཁམས་གསུམ་འཁོར་བའི་སྡུག་བསྔལ་སེལ་མཛད་ཅིང༌། །

ཐར་པའི་གནས་སུ་དྲངས་ལ་ཕྱག་འཚལ་བསྟོད། །

 

ཐུགས་ནི་ནམ་མཁའ་ལྟ་བུའི་སྟོང་པ་ཉིད། །

ཉོན་མོངས་མ་རིག་དྲི་མས་མ་གོས་པས། །

ཤེས་བྱའི་ཆོས་ཀུན་རྒྱུ་སྐར་བཞིན་དུ་བཀྲ། །

མ་འདྲེས་ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །

 

མཚན་ཐོས་ཙམ་གྱིས་ཤེས་རབ་རབ་ཏུ་འཕེལ། །

རིག་སྔགས་བཟླས་པས་མཁྱེན་གཉིས་དངོས་གྲུབ་སྩོལ། །

ཆོས་དབྱིངས་ཀུན་ཁྱབ་རྣམ་ཐར་བསམ་མི་ཁྱབ། །

ཡོན་ཏན་ཕ་མཐའ་ཡས་ལ་ཕྱག་འཚལ་བསྟོད། །

 

དུས་ངན་སྙིགས་ལ་ཉོན་མོངས་ཤུགས་དྲག་པས། །

ཁྱོད་ལ་གསོལ་བཏབ་རྗེས་སུ་བཟུང་མཛད་ཅེས། །

བདེན་པར་སྨྲ་བས་ཇི་ལྟར་ལུང་བསྟན་བཞིན། །

ཕྲིན་ལས་རྨད་དུ་བྱུང་ལ་ཕྱག་འཚལ་བསྟོད། །

 

དེ་ལྟར་ཁྱེད་ལ་གུས་པའི་བསྟོད་པ་ཡིས། །

བདག་གི་བློ་ཡིད་མུན་པ་ཀུན་སེལ་ནས། །

འཆད་རྩོད་རྩོམ་པའི་ཤེས་རབ་རབ་འཕེལ་ནས། །

བསྟན་དང་འགྲོ་ལ་ཕན་བདེ་དཔལ་སྟེར་ཤོག །

 

ཤིན་ཏུ་མཁས་པ་མ་ཡིན་ཀྱང༌། །
འཇམ་པའི་དབྱངས་ལ་དད་པ་ཡི། །
རབ་འབྱམས་མཚན་འཛིན་བྱིས་པ་ཡིས། །
ལག་རྩེས་རྩེ་བའི་ཞོར་དུ་བྲིས། །

 

ཅེས་པའང་རང་ལོ་བཅུ་བཞི་པའི་སྐབས་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཞབས་དྲུང་ངག་གི་དབང་པོའི་གདན་ས་སྤུངས་ཐང་རྫོང་དུ་བྲིས་པ་དགེའོ།།

 

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

འཇམ་དཔལ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept