The Wish-Fulfilling King of Great Might—Tibetan

Practices › Prayers | Practices › Aspiration Prayers | བོད་ཀྱི་བླ་མ།ཏའི་སི་ཏུ་རིན་པོ་ཆེ།

English | 中文 | བོད་ཡིག

ཏའི་སི་ཏུ་རིན་པོ་ཆེ།

Buddha Śākyamuni

Further information:
Download this text:

༄༅། །མཆོག་གསུམ་རྩ་བ་གསུམ་ལ་གསོལ་འདེབས་སྨོན་ལམ་ངག་འདོན་འབྲེལ་ཚད་དོན་ལྡན་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །

 

ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ། སྒོ་གསུམ་མི་ཕྱེད་པའི་དད་པ་རྩེ་གཅིག་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་དང་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་ཏེ། གཏན་གྱི་བདེ་བ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པ་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ།

 

ན་མོ། མཆོག་གསུམ་རྩ་གསུམ་རྒྱལ་བ་མ་ལུས་པ། །

མཁའ་མཉམ་འགྲོ་ལ་བྱམས་པའི་ཁུར་ཆེན་པོས། །

མ་རིག་སྒྲིབ་པས་རྨོངས་པའི་གདུལ་བྱ་ལ། །

ཟབ་ལམ་ཉི་འོད་གསལ་བར་བསྟན་དུ་གསོལ། །

 

སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དང་། །

འདས་དང་མ་འོངས་དེ་བཞིན་གཤེགས་པ་རྣམས། །

བདག་སོགས་འགྲོ་ལ་སྙིང་རྗེས་བརྩེར་དགོངས་ཏེ། །

ཐུགས་རྗེའི་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ།

ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ།

 

རྒྱལ་ཡུམ་ཆེན་མོ་ཤེས་རབ་ཕ་རོལ་ཕྱིན། །

ཐེག་པ་རིམ་དགུའི་གསུང་རབ་མ་ལུས་པ། །

བདག་སོགས་འགྲོ་ལ་སྙིང་རྗེས་བརྩེར་དགོངས་ཏེ། །

ཐུགས་རྗེའི་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ།

ཏཏྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ།

 

འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །

རྒྱལ་སྲས་འཕགས་པའི་ཚོགས་རྣམས་མ་ལུས་པ།

བདག་སོགས་འགྲོ་ལ་སྙིང་རྗེས་བརྩེར་དགོངས་ཏེ། །

ཐུགས་རྗེའི་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །

ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

 

ཨོ་རྒྱན་ཆེན་པོ་རྗེ་འབངས་མར་མི་སོགས། །

རྩ་བརྒྱུད་དཔལ་ལྡན་བླ་མ་ཐམས་ཅད་ཀྱིས། །

བདག་སོགས་འགྲོ་ལ་སྙིང་རྗེས་བརྩེར་དགོངས་ཏེ། །

ཐུགས་རྗེའི་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ།

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

 

དུས་འཁོར་རྡོར་སེམས་བདེ་མཆོག་ཀྱེ་རྡོ་རྗེ། །

ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་རྣམས། །

བདག་སོགས་འགྲོ་ལ་སྙིང་རྗེས་བརྩེར་དགོངས་ཏེ། །

ཐུགས་རྗེའི་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །

ཨོཾ་བཛྲ་ས་ཏཱ་ཧཱུྃ།

 

མགོན་པོ་བེར་ཅན་རང་བྱུང་རྒྱལ་མོ་དང་། །

སྐུ་ལྔ་ལ་སོགས་ཆོས་སྲུང་མཁའ་འགྲོའི་ཚོགས། །

བདག་སོགས་འགྲོ་ལ་སྙིང་རྗེས་བརྩེར་དགོངས་ཏེ། །

ཐུགས་རྗེའི་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ།

ཨོཾ་ཤྲཱི་བཛྲ་ཌཱ་ཀ་ཌཱ་ཀི་ནཱི་ཡེ་སྭཱ་ཧཱ།

 

མདོར་ན་རང་གཞན་དགྲ་གཉེན་བར་མ་ཡི། །

ཁམས་གསུམ་རྒྱུད་ལྔས་བསྡུས་པའི་ཡིད་ཅན་རྣམས། །

འདིའམ་འོན་ཏེ་ཚེ་རབས་ཐམས་ཅད་དུ། །

སྐྱབས་གནས་བསླུ་བ་མེད་པས་རྗེས་འཛིན་ཤོག །

བདག་གི་རྣམ་དག་སྨོན་པའི་རེ་འབྲས་དང་། །

ལས་ཚོགས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །

སྲིད་ཞིའི་དགེ་མཚན་བྱེ་བའི་དཔལ་འབར་བཞིན། །

ཁམས་གསུམ་འཁོར་བའི་གནས་ཀུན་སྟོང་གྱུར་ཅིག །

 

འདིས་མཚོན་པའི་བདག་གཞན་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད། རིགས་དྲུག་གི་འགྲོ་བ་སྤྱི་དང་། ཁྱད་པར་དུ་ལས་འབྲས་ཁྱད་དུ་བསད་པ། སྙིང་རྗེའི་ཡུལ་དུ་གྱུར་པ་རྣམས་ལ་བསྔོ་བར་བྱའོ། །རྣམ་སྨིན་ངན་པ་ལས་མྱུར་དུ་གྲོལ་ཏེ། ཐར་པ་ཡང་དག་པ་བདེ་བླག་ཏུ་ཐོབ་པར་གྱུར་ཅིག །

ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝབོ་དྷ་ནི་སྭཱ་ཧཱ།

 

ཅེས་པ་འདི་བོད་ཡུལ་དུ་སྲིད་དོན་གྱི་འགྱུར་བ་མང་པོ་བྱུང་མཐར། རྨད་དུ་བྱུང་བ་ཆོས་དད་རང་མོས་ཀྱི་གོ་སྐབས་གསར་པ་སླར་ཡང་འཆར་བ་ལ་ཚིག་ཉུང་ངུས་དོན་ཆེན་པོ་འགྲུབ་པའི་ཞལ་འདོན་སྨོན་ལམ་འདི་ལྟ་བུ་ཞིག་བྱ་བར་རིགས་ཤིང་། བོད་འབངས་རྣམས་ལ་ཆོས་ཀྱི་ལྷག་བསམ་དང་བརྩེ་བ་བཟོད་མེད་ཀྱིས་བསྐུལ་ཏེ། ༸ཏཱ་ཡི་སི་ཏུ་པདྨ་དོན་ཡོད་ཉིན་བྱེད་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར་འབོད་པས། རྒྱ་གར་བྱང་ཕྱོགས་དཔལ་སྤུངས་ཤེས་རབ་གླིང་གི་ཆོས་སྡེ་སྒྲོན་མ་དབེན་པའི་ནགས་ཀྱི་ཁྲོད་ཞི་བའི་ཚལ་ནས་འཕྲལ་མར་བྲིས་པ་འདིས། ཚིག་དང་མཐུན་པའི་བྱ་བ་རླབས་པོ་ཆེ་འགྲུབ་པར་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept