བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྟེན་འབྲེལ་ཉེས་སེལ་གྱི་དོན་བསྡུས༔

English | བོད་ཡིག

༁ྃ༔ རྟེན་འབྲེལ་ཉེས་སེལ་གྱི་དོན་བསྡུས་བཞུགས་སོ༔ ༔

 

མཚན་བརྗོད་སྔགས་བཟླས་རིམ་པ་ནི༔

ན་མོཿ ཕྱོགས་དུས་སྐྱབས་ཡུལ་རྣམས་ལ་སྐྱབས་སུ་མཆི༔

བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔

ལན་གསུམ།

སྟོན་མཆོག་རྒྱལ་བ་ཐུབ་པའི་དབང་པོ་སོགས༔

བསྐལ་བཟང་རྫོགས་པའི་སངས་རྒྱས་སྟོང་རྩ་གཉིས༔

ཕྱོགས་དུས་མཁའ་ཁྱབ་ཞིང་ན་གང་བཞུགས་པའི༔

རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ༔

འཇམ་དབྱངས་སྤྱན་རས་གཟིགས་དབང་ཕྱག་རྡོར་སོགས༔

བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔

ཉན་རང་འཕགས་པ་ལ་སོགས་འཇིག་རྟེན་འདིར༔

ཕྱག་འོས་ཇི་སྙེད་བཞུགས་ལ་གུས་ཕྱག་འཚལ༔

ཁྱེད་རྣམས་མཐུ་ཡིས་རྟེན་འབྲེལ་ཉེས་ཚོགས་ཀུན༔ མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ༔

ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་དྷུ་རུ་དྷུ་རུ་ཛ་ཡ་མུ་ཁེ་སྭཱ་ཧཱ༔ ཕྱི་ནང་གསང་བའི་རྟེན་འབྲེལ་ཉེས་ཚོགས་ཐམས་ཅད་ཞི་ཞིང་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག༔

ཤམ་བཅས་བརྒྱའམ་ཉེར་གཅིག་བཟླ༔

དེ་ནས་སྔགས་ཀྱི་ཆོ་ག་ནི༔

ཧཱུྂ་ཧཱུྂ་ཧྲཱིཿ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར༔

མ་དག་ལོག་འདྲེན་བགེགས་ཀྱི་མིང་ཡང་མེད༔

རིག་པའི་རང་བཞིན་གུ་རུ་པདྨ་འབྱུང༌༔

སྐུ་གསུམ་ཡོངས་འདུས་སྣང་སྲིད་ཟིལ་གནོན་གསལ༔

ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ༔

ཨོཾ་ཨཱཿཧཱུྂ༔ མཆོད་རྫས་གཏོར་ཚོགས་ཡེ་ཤེས་རོལ་པར་གྱུར༔

མཆོད་འོས་ཕྱི་ནང་གསང་བ་བླ་མེད་ཀྱི༔

མཆོད་པའི་བྱེ་བྲག་འདོད་ཡོན་ཚོགས་མཆོད་འབུལ༔

ཉེས་ཀུན་ཞི་ཞིང་ལེགས་ཚོགས་རྒྱས་པར་མཛོད༔

ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྂ་ཨཱཿ རྟེན་འབྲེལ་ཉེས་ཚོགས་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔

ཧཱུྂ༔ ཞི་བ་བདེ་གཤེགས་རྡོ་རྗེ་དབྱིངས་ཀྱི་ལྷ༔

བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་རྣམས༔

བདག་ཉིད་ཆེན་པོའི་ཡེ་ཤེས་རང་སྣང་ཤར༔

གཉིས་མེད་མཉམ་པ་ཆེན་པོས་མཇལ་ཕྱག་འཚལ༔

མཆོད་འོས་ཕྱི་ནང་གསང་བ་བླ་མེད་ཀྱི༔

མཆོད་པའི་བྱེ་བྲག་འདོད་ཡོན་ཚོགས་མཆོད་འབུལ༔

ཉེས་ཀུན་ཞི་ཞིང་ལེགས་ཚོགས་རྒྱས་པར་མཛོད༔

བྱིན་རླབས་དབང་དང་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿ

ཞི་བའི་ལྷ་ཚོགས་མཐུ་དང་བདེན་སྟོབས་ཀྱིས༔

ཕྱི་ནང་གསང་བའི་རྟེན་འབྲེལ་ཉེས་ཚོགས་ཞི༔

མེད་ཅིང་མི་འབྱུང་ནམ་ཡང་མི་ཚུགས་ཤིང༌༔

ཉེས་ཀུན་ལེགས་ཚོགས་ཡེ་ཤེས་དབྱིངས་སུ་བསྒྱུར༔

ཨོཾ་ཨ་ལི་ཀ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་དྷ་མུ་ནེ་ཡེ་རྟེན་འབྲེལ་ཉེས་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔

ཧཱུྂ༔ ཞི་བའི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔

འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས༔

བདག་ཉིད་ཆེན་པོའི་ཡེ་ཤེས་རང་སྣང་ཤར༔

གཉིས་མེད་མཉམ་པ་ཆེན་པོས་མཇལ་ཕྱག་འཚལ༔

མཆོད་འོས་ཕྱི་ནང་གསང་བ་བླ་མེད་ཀྱི༔

མཆོད་པའི་བྱེ་བྲག་འདོད་ཡོན་ཚོགས་མཆོད་འབུལ༔

ཉེས་ཀུན་ཞི་ཞིང་ལེགས་ཚོགས་རྒྱས་པར་མཛོད༔

བྱིན་རླབས་དབང་དང་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་རུ་ལུ་རུ་ལུ་ཧཱུྂ་བྷྱོ་ཧཱུྂ༔

ཁྲོ་བོའི་ལྷ་ཚོགས་མཐུ་དང་བདེན་སྟོབས་ཀྱིས༔

ཕྱི་ནང་གསང་བའི་རྟེན་འབྲེལ་ཉེས་ཚོགས་ཞི༔

མེད་ཅིང་མི་འབྱུང་ནམ་ཡང་མི་ཚུགས་ཤིང༌༔

ཉེས་ཀུན་ལེགས་ཚོགས་ཡེ་ཤེས་དབྱིངས་སུ་བསྒྱུར༔

ཧཱུྂ་ཧ་ཧེ་ཕཊ་བྷྱོ་རྟེན་འབྲེལ་ཉེས་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔

ཧཱུྂ༔ ཞི་ཁྲོ་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལྷ༔

བུདྡྷ་བཞི་བཅུ་རྩ་གཉིས་ཞི་བའི་ཚོགས༔

ཁྲག་འཐུང་རོལ་པ་ལྔ་བརྒྱ་གསུམ་གྱི་སྐུ༔

རིག་འཛིན་རྣམས་དང་བཀའ་ཉན་སྲུང་མར་བཅས༔

བདག་ཉིད་ཆེན་པོའི་ཡེ་ཤེས་རང་སྣང་ཤར༔

གཉིས་མེད་མཉམ་པ་ཆེན་པོས་མཇལ་ཕྱག་འཚལ༔

མཆོད་འོས་ཕྱི་ནང་གསང་བ་བླ་མེད་ཀྱི༔

མཆོད་པའི་བྱེ་བྲག་འདོད་ཡོན་ཚོགས་མཆོད་འབུལ༔

ཉེས་ཀུན་ཞི་ཞིང་ལེགས་ཚོགས་རྒྱས་པར་མཛོད༔

བྱིན་རླབས་དབང་དང་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྂ་བྷྱོ་ཧཱུྂ༔

ཚོགས་ཆེན་འདུས་པའི་མཐུ་དང་བདེན་སྟོབས་ཀྱིས༔

ཕྱི་ནང་གསང་བའི་རྟེན་འབྲེལ་ཉེས་ཚོགས་ཞི༔

མེད་ཅིང་མི་འབྱུང་ནམ་ཡང་མི་ཚུགས་ཤིང༌༔

ཉེས་ཀུན་ལེགས་ཚོགས་ཡེ་ཤེས་དབྱིངས་སུ་བསྒྱུར༔

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་བཛྲ་ས་མ་ཡ་རྟེན་འབྲེལ་ཉེས་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔

ཧཱུྂ༔ བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་གྱི༔

རྩ་བའི་ལྷ་ཚོགས་ཉིས་བརྒྱ་ཉི་ཤུ་ལྔ༔

འདོད་དགུར་བསྒྱུར་བའི་སྤྲུལ་འཁོར་ཕོ་ཉའི་ཚོགས༔

བསྟན་སྲུང་འཇིག་རྟེན་སྐྱོང་མཛད་སྲུང་མ་རྣམས༔

བདག་ཉིད་ཆེན་པོའི་ཡེ་ཤེས་རང་སྣང་ཤར༔

གཉིས་མེད་མཉམ་པ་ཆེན་པོས་མཇལ་ཕྱག་འཚལ༔

མཆོད་འོས་ཕྱི་ནང་གསང་བ་བླ་མེད་ཀྱི༔

མཆོད་པའི་བྱེ་བྲག་འདོད་ཡོན་ཚོགས་མཆོད་འབུལ༔

ཉེས་ཀུན་ཞི་ཞིང་ལེགས་ཚོགས་རྒྱས་པར་མཛོད༔

བྱིན་རླབས་དབང་དང་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྂ་ཧྲཱིཿབཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྂ་ཨཱཿ

དགོངས་འདུས་ལྷ་ཚོགས་མཐུ་དང་བདེན་སྟོབས་ཀྱིས༔

ཕྱི་ནང་གསང་བའི་རྟེན་འབྲེལ་ཉེས་ཚོགས་ཞི༔

མེད་ཅིང་མི་འབྱུང་ནམ་ཡང་མི་ཚུགས་ཤིང༌༔

ཉེས་ཀུན་ལེགས་ཚོགས་ཡེ་ཤེས་དབྱིངས་སུ་བསྒྱུར༔

ཨོཾ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་རྟེན་འབྲེལ་ཉེས་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔

ཧཱུྂ༔ བདེ་གཤེགས་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔

ཆེ་མཆོག་དཔལ་དགུ་བདུན་བརྒྱ་ཉི་ཤུ་ལྔ༔

ཡང་འཁོར་སྣང་སྲིད་ལྷ་སྲིན་སྡེ་དཔུང་ནི༔

ཞིང་གི་རྡུལ་སྙེད་བསམ་མི་ཁྱབ་པ་རྣམས༔

བདག་ཉིད་ཆེན་པོའི་ཡེ་ཤེས་རང་སྣང་ཤར༔

གཉིས་མེད་མཉམ་པ་ཆེན་པོས་མཇལ་ཕྱག་འཚལ༔

མཆོད་འོས་ཕྱི་ནང་གསང་བ་བླ་མེད་ཀྱི༔

མཆོད་པའི་བྱེ་བྲག་འདོད་ཡོན་ཚོགས་མཆོད་འབུལ༔

ཉེས་ཀུན་ཞི་ཞིང་ལེགས་ཚོགས་རྒྱས་པར་མཛོད༔

བྱིན་རླབས་དབང་དང་མཆོག་ཐུན་དངོས་གྲུབ་སྩོལ༔

ཨོཾ་བཛྲ་ཙཎྚ་སརྦ་དུཥྚཎ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྂ་ཕཊ༔

བཀའ་བརྒྱད་ལྷ་ཚོགས་མཐུ་དང་བདེན་སྟོབས་ཀྱིས༔

ཕྱི་ནང་གསང་བའི་རྟེན་འབྲེལ་ཉེས་ཚོགས་ཞི༔

མེད་ཅིང་མི་འབྱུང་ནམ་ཡང་མི་ཚུགས་ཤིང༌༔

ཉེས་ཀུན་ལེགས་ཚོགས་ཡེ་ཤེས་དབྱིངས་སུ་བསྒྱུར༔

ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་སརྦ་མ་ཧཱ་ཀྲོ་དྷ་ཀྲོ་དྷི་ཤྭ་རཱི་ཨེ་ཛ་བྷྱོ་རྟེན་འབྲེལ་ཉེས་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔

བདག་ཉིད་གུ་རུ་གསང་འདུས་ནམ་མཁའི་རྒྱལ༔

རྡོ་རྗེ་ཕག་མོ་དཀར་མོ་གཉིས་མེད་རོལ༔

མཁའ་འགྲོ་སྡེ་བཞིའི་ཚོགས་བཅས་འོད་ཟེར་གྱིས༔

སྣོད་བཅུད་དབྱིངས་དང་ཡེ་ཤེས་ཉིད་དུ་སྦྱང༌༔

ཨོཾ་མ་ཧཱ་གུ་རུ་བྃ་ཧ་རི་ནི་ས་ཧཱུྂ་བྷྲཱུྃ་སྭཱ་ཧཱ༔

གུ་རུ་དྲག་ཁྲོས་སྔོ་ནག་འཇིགས་གཟུགས་ཅན༔

རྡོ་རྗེ་ལྕགས་སྡིག་འཛིན་པའི་ཐུགས་ཀ་ནས༔

ཁྲོ་ཚོགས་མཚོན་ཆ་མེ་རླུང་ཕྱོགས་བཅུར་འཕྲོས༔

ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྲུང་འཁོར་གཏམས༔

ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ས་མ་ཡ་མ་མ་རཀྴ་ཧཱུྂ་བྷྲཱུྃ༔

 

ཚོགས་རོལ་ལྷག་མ་གཏོར་སྐྱོང་ནི༔

བྷྱོ༔ སློབ་དཔོན་པདྨ་ཐོད་ཕྲེང་སོགས༔

རྒྱུད་དང་སྒྲུབ་སྡེའི་རིག་འཛིན་དང༌༔

དཀྱིལ་འཁོར་གཙོ་བོས་དམ་བཞག་རིགས༔

སྲུང་མ་འདིར་གཤེགས་ལྷག་གཏོར་དང༌༔

དམ་རྫས་བཀའ་ཡི་གཏོར་མ་བཞེས༔

རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད༔

ལྷག་ཆད་སྐོང་ཕྱིར་ཡིག་བརྒྱ་བརྗོད༔ ལྷ་སྣང་མི་དམིགས་ངང་དུ་བཞག༔ བསྔོ་སྨོན་ཤིས་བརྗོད་ཅི་རིགས་བྱ༔

 

ཟབ་དོན་བཅུད་དྲིལ་འདི་ཉམས་ལོངས༔

རྣམ་རྟོག་ཀུན་ལས་རབ་འདས་པའི༔

རང་བྱུང་ཤེས་རིག་ཟང་ཐལ་བ༔

འཕོ་འགྱུར་གཉིས་མེད་རང་གསལ་ཉིད༔

མ་ནོར་ངོ་ཤེས་མ་བཅོས་ཀློང་༔

གསལ་བརྟན་གདེང་ཐོབ་དེའི་ངང་དུ༔

རྟོག་ཚོགས་རང་ཤར་རང་གྲོལ་སྐྱོང་༔

རྩལ་རྣམས་གཞིར་རྫོགས་གཉིས་མེད་གྲོལ༔

ཉེས་པའི་རྩ་བ་ཆོད་པ་ན༔

སྣང་སྲིད་རྣམ་དག་གཏན་སྲིད་ཟིན༔

 

སྐུ་ཚབས་བཤམས་ལ་བསྐྱེད་བཟླས་བྱ༔

དགའ་ཆེན་ཁྱོད་བདག་སྟོན་པ་དགོངས༔

དམ་ཚིག་ཆེན་པོ་དབང་མཆོག་སྩོལ༔

རང་གནས་ཡེ་ཤེས་དོན་གྱི་དབང་༔

གུ་རུའི་བྱིན་རླབས་ཁོ་ནས་སོ༔

སྐྱབས་གནས་རྣམས་ལ་བདག་སྐྱབས་མཆི༔

ཀུན་རྫོབ་དོན་དམ་བྱང་སེམས་བསྐྱེད༔

དམ་ཚིག་སྡོམ་པ་ཡང་དག་བཟུང་༔

རྡོ་རྗེ་གསུམ་དུ་བདག་གྱུར་ཅིག༔

སློབ་མ་སྣང་སྲིད་ཟིལ་གནོན་གསལ༔ འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཐིམ༔

ཧཱུྃ་ཧྲཱིཿ ཀུན་བཟང་ཆོས་ཀྱི་དབྱིངས་ཉིད་ལས༔

གཟུགས་སྐུས་འགྲོ་འདུལ་པདྨ་འབྱུང་༔

བདེ་གཤེགས་རྩ་གསུམ་ཀུན་འདུས་དཔལ༔

འདིར་བྱོན་སྐལ་ལྡན་བྱིན་གྱིས་རློབས༔

ཨོཾ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་ཨ་བེ་ཤ་ཡ་ཕེཾ་ཕེཾ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་བཛྲ༔

ཧཱུྃ་ཧྲཱིཿ ཕྱོགས་དུས་བདེ་གཤེགས་ཀུན་བདག་ཉིད༔

གུ་རུའི་སྐུ་གསུང་ཐུགས་རྡོ་རྗེ༔

སློབ་མའི་སེམས་ཀྱི་དེ་ཉིད་དང་༔

གཉིས་མེད་དོན་དབང་མཆོག་ཐོབ་ཤོག༔

སྒྱུ་འཕྲུལ་རྒྱུད་དང་འདུས་པ་མདོ༔

བླ་མ་དགོངས་འདུས་བཀའ་བརྒྱད་ལྷ༔

ཞི་ཁྲོ་རབ་འབྱམས་ཡོངས་རྫོགས་དབང་༔

གཅིག་རྫོགས་ཐོབ་ནས་སངས་རྒྱས་ཤོག༔

ཨོཾ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སདྡྷི་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔

 

སྲེག་རྫས་གཞུང་བཞིན་གཅིག་བསྡུས་བཤམ༔ བཟང་ཤིང་མེ་ཐབ་ཟླུམ་པོའམ༔ གྲུ་བཞི་ཛྭ་ལ་རྃ་ཞེས་སྦར༔

ཛྭ་ལ་རྃ།

ཡེ་ཤེས་མེ་འབར་པདྨ་འབྱུང་༔

སྣང་སྲིད་ཟིལ་གནོན་རང་སྣང་ལྷ༔

སྒྱུ་འཕྲུལ་འདུས་པ་མདོ་དང་ནི༔

བླ་མ་དགོངས་འདུས་བཀའ་བརྒྱད་ཀྱི༔

གཙོ་འཁོར་དམ་ཡེ་གཉིས་མེད་པ༔

རང་བྱུང་ལྷུན་གྲུབ་ཆེན་པོར་བསྒོམ༔

མཆོད་རྫས་རྣམ་པ་ཐམས་ཅད་པ༔

ཟག་མེད་ཡེ་ཤེས་རང་བཞིན་གྱུར༔

ཨོཾ་ཨཱཿཧཱུྃ༔

ལན་གསུམ༔

ཧོཿ ཀློང་ཡངས་འཁྱིལ་པའི་ཞལ་ཧོམ་དུ༔

དམ་རྫས་བདུད་རྩི་འདོད་ཡོན་འབུལ༔

དམ་སྐོང་མཐུ་དབང་དངོས་གྲུབ་སྩོལ༔

ལས་བཞི་མྱུར་དུ་འགྲུབ་པར་མཛོད༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཤཱིནྟཾ་པཱུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་སྭཱ་ཧཱ༔

བྱོན་ཟན་ཡམ་ཤིང་མར་སྲེག་རྫས༔ རིམ་བཞིན་སྔགས་དེས་ཅི་ནུས་འབུལ༔

ལྷ་ཚོགས་འོད་ཀྱིས་སྒྲུབ་བྱ་ལ༔

ཁྱབ་པས་ལས་རྣམས་མྱུར་འགྲུབ་ཤོག༔

 

རྗེས་སུ་ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝ་དྱ་ཤཔྟ་པྲ་ཏཱི་ཙྪ་ཡ་སྭཱ་ཧཱ་ཀྱིས་མཆོད༔

 

སངས་རྒྱས་ཀུན་གྱི་བདག་ཉིད་མཆོག༔

ཞི་ཁྲོའི་ལྷ་རྣམས་འདུས་པའི་དཔལ༔

ཡིད་བཞིན་ནོར་ལྟར་འདོད་དགུའི་གཏེར༔

པདྨ་ཐོད་ཕྲེང་རྩལ་ལ་བསྟོད༔

པདྨའི་ཡིག་བརྒྱས་ནོངས་པ་བཤགས༔

ཨོཾ་པདྨ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ་པདྨ་སཏྭ། ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡྂ་ཀུ་རུ་ཧཱུྂ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་པདྨ་མཱ་མེ་མུཉྩ་པདྨཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ

 

ལྷ་རྣམས་རང་སེམས་དབྱེར་མེད་ངང༌༔

མི་དམིགས་སྤྲོས་བྲལ་དབྱིངས་སུ་བཞག༔

རྗེས་སུ་བསྔོ་སྨོན་ཤིས་བརྗོད་བྱ༔

 

ཐབས་ཀྱི་ཁྱད་པར་རྨད་བྱུང༔ འབྱུང་བ་ས་ལ་བརྟེན་པ་ནི༔ གྲོ་གའམ་ཤིང་ཤུན་གང་རུང་དང་༔ ཤོག་གུ་གཙང་མར་རྒྱ་མཚལ་གྱིས༔ མཁའ་འགྲོའི་ཡིག་འབྲུ་བདུན་འདི་བཀོད༔

དབུ་ནས་མར་དྲིལ་སཙྪ་ཡི༔ ནང་དུ་དབུ་ཞབས་མ་ལོག་འཇུག༔ ཉེས་སེལ་སྔགས་རྣམས་གཞུང་ལྟར་དང་༔ རྟེན་སྙིང་བརྒྱ་རྩས་རབ་གནས་བྱ༔ རྟེན་གྱི་སྙིང་པོ་ཁམས་ལ་སྦ༔

 

༈ བཀྲ་ཤིས་ཀུན་གྱི་དཔལ་འབར་བ༔

སངས་རྒྱས་ཆོས་དང་འཕགས་པའི་ཚོགས༔

བླ་མ་ཡི་དམ་མཁའ་འགྲོ་ཡིས༔

ཕྱོགས་དུས་གནས་སྐབས་བདེ་ལེགས་སྩོལ༔

ཨོཾ་སྭསྟི་སིདྡྷཾ་མངྒ་ལཾ༔

ཅེས་བརྗོད་མེ་ཏོག་སིལ་མ་འཐོར༔

 

འབྱུང་བ་རླུང་ལ་ལས་བཅོལ་ཐབས༔ ཤོག་གུ་བཟང་པོར་སྣག་ཚ་ཡིས༔ མཁའ་འགྲོའི་བརྡ་ཡིག་འབྲུ་བརྒྱ་བཀོད༔

བདག་དང་སྲུང་བྱའི་རྟེན་འབྲེལ་ཕྱི་ནང་གསང་གསུམ་གྱི་ཉེས་སྐྱོན་ཐམས་ཅད་ཞི་བར་གྱུར་ཅིག༔

ལེགས་ཚོགས་ཐམས་ཅད་རྒྱས་པར་གྱུར་ཅིག༔

མཐུན་རྐྱེན་ཐམས་ཅད་དབང་དུ་གྱུར་ཅིག༔

འགལ་རྐྱེན་ཐམས་ཅད་མེད་པར་གྱུར་ཅིག༔

ག་ཡ་ན་ཐ་སུ་མེ་ཧུ་ཧུ་མེ་སུ་ནི་མུ་མུ་ནི་མུ་ར་ཛ་ར་ཤ་ར་བྷྱ༔

རཏྣ་རཏྣ་ཤྲཱི་རཏྣ་ཀེ་ཏུ་རཱ་ཛ་དྷརྨ་དྷརྨ་སརྦ་དྷརྨ་ཏེ་ཛ་ཡ་ནི་ཛ་ཡ་ནི་ཧཱུྃ་ཧཱུྃ་བོ་དྷི་བོ་དྷི་སྭཱཧཱ༔

ཞེས་པ་དབུ་ཅན་ཚེག་མེད་བཀོད༔ མཇུག་ནས་ཡར་དྲིལ་རྟེན་སྙིང་གིས༔ རབ་གནས་བྱས་ཏེ་རླུང་ལ་བསྐོར༔ ཉེས་སེལ་དོན་རྣམས་འགྲུབ་པར་འགྱུར༔

མན་ངག་སྙིང་པོ་གཅིག་ཆོག་འདི༔ ཇོ་མོ་མཁར་ཆེན་མཚོ་རྒྱལ་དང་༔ རྡོ་རྗེ་བདུད་འཇོམས་ཀྱིས་བསྐུལ་ངོར༔ མ་ཧཱ་གུ་རུ་བདག་གིས་བཀོད༔ ཕྱི་རབས་བསྟན་འགྲོའི་དོན་བྱེད་ཤོག༔

ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔

 

ལས་རབ་གླིང་པའི་གཏེར་མའོ༔ ༔

 

གཏེར་སྟོན་བསོད་རྒྱལ།

རྟེན་འབྲེལ་ཉེས་སེལ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept