མར་མེའི་སྨོན་ལམ༔
༁ྂ༔ མར་མེའི་སྨོན་ལམ་ནི༔
ཧཱུྃ༔ ཡེ་ཤེས་མཁའ་འདྲོ་འདུས་པའི་དཀྱིལ་འཁོར་འདིར༔
གསང་མཆོག་རྡོ་རྗེའི་ལམ་དུ་ཞུགས་པ་རྣམས༔
ཐེག་ཆུང་དམན་པའི་རྗེས་སུ་མི་གོལ་ཞིང་༔
རིག་འཛིན་རྣམས་ཀྱི་གྲལ་དུ་ངེས་གནས་ཤོག༔
དཔལ་ལྡན་བླ་མའི་བྱིན་རླབས་རྒྱུད་ལ་ཞུགས༔
ཡི་དམ་ལྷ་ཡི་བསྙེན་སྒྲུབ་མཐའ་རུ་ཕྱིན༔
རྩ་རླུང་ཐིག་ལེའི་ཉམ་རྟོགས་གོན་འཕེལ་ནས༔
བླ་མེད་མཆོག་གི་དངོས་གྲུབ་ཐོབ་པར་ཤོག༔
སེམས་ཉིད་ཡེ་སངས་རྒྱས་པ་གཉུག་མའི་དོན༔
བློ་འདས་སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔
དབྱིངས་རིག་འདུ་འབྲལ་མེད་པའི་རྫོགས་པ་ཆེ༔
མངོན་སུམ་མཐོང་ནས་འཇའ་སྐུར་གྲོལ་བར་ཤོག༔
འཆི་སྲིད་ཆོས་སྐུའི་རང་ཞལ་ངང་གིད་མཐོང་༔
ལྷུན་གྲུབ་རྩལ་རྫོགས་བར་དོ་ལོངས་སྐུར་གྲོལ༔
ཟུང་འཇུག་ཐུག་རྗེས་རྒྱལ་བའི་ཞིང་ཁྱབ་སྟེ༔
འབད་རྩོལ་མེད་པར་དོན་གཉིས་ལྷུན་གྲུབ་ཤོག༔
གལ་ཏེ་ལས་དང་བག་ཆགས་གཞན་དབང་གིས༔
འཁྲུལ་སྣང་བར་དོའི་མུན་པ་འཆར་སྲིད་ན༔
ཡེ་ཤེས་སྒྲོན་མེའི་སྣང་བས་གོ་ཕྱེས་ཏེ༔
བླ་མ་ལྷ་དང་མཆེད་ལྕམ་ཞལ་མཐོང་ཤོག༔
བཟོད་མེད་མོས་གུས་གདུང་བས་མཚམས་སྦྱར་ནས༔
རིག་འཛིན་བླ་མ་རྣམས་ཀྱིས་མདུན་བསུས་ཤིང་༔
ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་ནས་བསྟེན༔
མཆེད་ལྕམ་དཔའ་བོ་མཁའ་འགྲོས་ཡོངས་བསྐོར་ཏེ༔
ཡིད་འཕྲོག་སྙན་པའི་གླུ་གར་རོལ་མོ་བཅས༔
རང་སྣང་དག་པའི་ཞིང་དུ་འགྲོ་བར་ཤོག༔
དབང་མེད་ལས་ཀྱིས་འཇིག་རྟེན་འདིར་སྐྱེས་ཀྱང་༔
དཔལ་ལྡན་བླ་མས་རྟག་ཏུ་རྗེས་བཟུང་ནས༔
ཟབ་གསང་རྡོ་རྗེ་རྩེ་མོའི་ལམ་མཆོག་དང་༔
ནམ་ཡང་འབྲལ་མེད་རྩེ་གཅིག་བསྒོམ་པར་ཤོག༔
ཉམས་པའི་ཆད་པས་ངན་སོང་གནས་མཐོང་ཡང་༔
སྨོན་ལམ་སྟོབས་ཀྱིས་བླ་མ་མཆེད་ལྕམ་དང་༔
གསང་སྔགས་རྗེས་སུ་དྲན་པས་སྐད་ཅིག་གིས༔
ལས་ངན་རྣམ་སྨིན་མི་བཟད་བྱང་བར་ཤོག༔
དེ་མ་ཐག་ཏུ་དལ་འབྱོར་མཆོག་ཐོབ་ཅིང་༔
གསང་ཆེན་ལམ་ལས་ཕྱིར་མི་ལྡོག་པ་ཡི༔
མངོན་བྱང་ཆུབ་ནས་སྲིད་པ་ཇི་སྲིད་བར༔
སྡུག་བསྔལ་ཅན་གྱི་འགྲོ་རྣམས་སྐྱོབས་པར་ཤོག༔
མདོར་ན་འདི་བཟུང་བྱང་ཆུབ་སྙིང་པོའི་བར༔
བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་དང་༔
ལུ་གུ་རྒྱུད་དུ་འབྲེལ་བའི་མཆེད་ལྕམ་རྣམས༔
མི་འབྲལ་ཚོམ་བུ་གཅིག་ཏུ་འཚང་རྒྱ་ཤོག༔ ༔
