རྟེན་འབྲེལ་ཉེས་སེལ་གྱི་གདམས་པ་ཟབ་མོ་ལས། གཏེར་གྱི་ལོ་རྒྱུས།
༁ྃ༔ རྟེན་འབྲེལ་ཉེས་སེལ་གྱི་གདམས་པ་ཟབ་མོ་ལས། གཏེར་གྱི་ལོ་རྒྱུས།
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཐུ་སྟོབས་གཅིག་བསྡུས་དཔའ་བོའི་སྐུ༔ སྐྱེ་འཆི་མེད་པའི་རིག་པ་འཛིན༔ པདྨ་འབྱུང་གནས་ལ་ཕྱག་འཚལ༔ དུས་མ་འོངས་ཕྱི་རབས་ཀྱི་སྐལ་ལྡན་ལས་ཅན་རྣམས་ལ་ཕན་པའི་ཐབས༔ རྟེན་འབྲེལ་ངན་པ་ཐམས་ཅད་བཟང་པོར་བསྒྱུར་བས་མན་ངག་ཟབ་མོ༔ མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི་བཀའ་བཞིན༔ བདག་འདྲ་བུད་མེད་མཚོ་རྒྱལ་གྱིས་བཀོད་པར་བྱའོ༔ ས་མ་ཡ༔ དེ་ཡང་དབུ་རྩེ་རིགས་གསུམ་དུ༔ ཨོ་རྒྱན་གུ་རུ་ཉིད་ལ༔ མཚོ་རྒྱལ་བདག་གིས་འདི་སྐད་ཞུས༔ དུས་བབ་ཀྱི་གཏེར་ཆོས་རྣམས་ལ་འགྲོ་དོན་གྱི་ཁྱད་པར་ཡོད་པ་ཅི་ཞིག་ཡིན༔ བཀའ་བསྩལ་པ༔ མཚོ་རྒྱལ་ཉོན་ཅིག༔ དེ་ནི་རྟེན་འབྲེལ་གྱི་ཁྱད་པར་ཡིན་ཏེ་ཉི་མ་ལ་ཕྱོགས་རིས་མེད་ཀྱང་སྤྲིན་གྱི་དབང་གིས་འོད་ཟེར་ལ་ཕྱོགས་རིས་བྱུང་བ་བཞིན་ནོ༔ ཞུས་པ༔ རྟེན་འབྲེལ་ཇི་ལྟར་ལགས༔ བཀའ་བསྩལ་བ༔ རྟེན་འབྲེལ་དེ་ཡང་རང་བཞིན་ངང་གིས་འགྲིགས་པ༔ ཆེད་དུ་བྱས་པ༔ རྐྱེན་གྱིས་བསྒྱུར་བ་སྟེ་ལེགས་ཉེས་གང་ཡང་དེ་ལྟར་ཡིན་ནོ༔ ཞུས་པ༔ འགྲིགས་པ༔ བྱས་པ༔ རྐྱེན་གྱིས་བསྒྱུར་བ་དེ་དག་ཅི་ལྟ་བུ་ལགས༔ བཀའ་བསྩལ་པ༔ འགྲིགས་པ་ནི་ཆེད་དུ་མ་བྱས་པའོ༔ བྱས་པ་ནི་བསམ་བཞིན་དུ་འབད་ཏེ་བགྱིས་པའོ༔ འགྱུར་བ་ནི་ནད་གདོན་སོགས་ལམ་དུ་ཁྱེར་བས་གེགས་སེལ་དང་སྒྲིབ་པ་དག་པའི་རྐྱེན་དུ་འགྱུར་བ་དང༔ ལྷ་སྒྲུབས་པའི་མཚན་ལྟས་ལ་མངོན་རློམ་ཞུགས་པས་འཕྲལ་གྱི་རྐྱེན་དང་ཡུན་གྱི་སྒྲིབ་པར་འགྱུར་བ་ལྟ་བུའོ༔ ཞུས་པ་རྟེན་འབྲེལ་འགྲིགས་དང་མ་འགྲིགས་ལ་ཕན་གནོད་ཅི་ལྟར་ཡོད༔ བཀའ་བསྩལ་པ༔ འགྲིགས་ན་སྤྲིན་བྲལ་གྱི་ཉི་འོད་བཞིན་དུ་འགྲོ་དོན་ལེགས་ཚོགས་ཐམས་ཅད་མ་འབད་ཀྱང་རྒྱས༔ མ་འགྲིགས་ན་ཉི་མ་ལ་འོད་ཡོད་ཀྱང་སྤྲིན་གྱིས་མི་མངོན་པ་བཞིན་དུ་སྨོན་ལམ་དང་ལས་འཕྲོ་ཡོད་ཀྱང་འགྲོ་དོན་འགགས་པར་འགྱུར་རོ༔ ཞུས་པ༔ དུས་སྙིགས་མ་ལ་རྟེན་འབྲེལ་ལེགས་ཉེས་ཇི་ལྟར་འགྱུར། བཀའ་བསྩལ་པ༔ དུས་སྙིགས་མ་ལ་སེམས་ཅན་ཤིན་ཏུ་མི་བསྲུན་པས་བསམ་སྦྱོར་ལོག་པ་དུ་མའི་དབང་གིས་སེམས་མེད་འབྱུང་བ་བཞི་ཡང་གོ་ལོག་སྟེ་མ་འབད་པའི་རྟེན་འབྲེལ་ངན་པ་སྣ་ཚོགས་འཆར༔ རྟེན་འབྲེལ་བཟང་པོ་ཐམས་ཅད་འགག༔ བཟང་བཟང་འདྲ་ཡང་ངན་པ་མང༔ དང་པོ་བཟང་ཡང་ཡུད་ཙམ་ནས་མི་རྟག་སྟེ་ངན་དུ་འགྱུར༔ སྨོན་ལམ་ལོག་པའི་མི་རྣམས་དང་ནག་ཕྱོགས་ཀྱི་མི་མ་ཡིན་དག་གིས་བསམ་པ་དང༌། སྦྱོར་བ་དང་སྨྲ་བ་ཕྱིན་ཅི་ལོག་སྣ་ཚོགས་དངོས་དང་བརྒྱུད་ནས་ཆེད་དུ་བྱེད༔ ཤུགས་ཀྱི་ཀྱང་འབྱུང་བ་དེས་རྟེན་འབྲེལ་ཉེས་པ་ནི་མང་ངོ༔ ཞུས་པ༔ བདུད་རིགས་ཀྱི་བར་ཆད་ཀྱི་་གུ་རུའི་སྤྲུལ་པ་རྣམས་ལ་ཚུགས་པར་འགྱུར་རམ༔ བཀའ་བསྩལ་པ༔ སྐྱེས་བུ་མཆོག་དང་ཆོས་ཟབ་མོ་ལ་ལྷག་པར་བར་ཆད་ཆེ་བས་ཐབས་དང་མ་ལྡན་ན་ཚུགས་པར་འགྱུར་རོ༔ ཞུས་པ༔ ཨོ་རྒྱན་ཉིད་ཀྱི་སྤྲུལ་པ་ལ་ལྟ་བ་ཀློང་དུ་མ་གྱུར་པ་ནི་མེད༔ ལྟ་བ་ཀློང་དུ་གྱུར་ཙ་ན༔ བདུད་དང་ལྷ་འདྲེའི་རླག་མི་རྙེད་ཅེས་བྱུང་བ་དེ་ཅི་ལགས༔ བཀའ་བསྩལ་པ༔ ང་ཡི་སྤྲུལ་པ་ནི་ལྟ་བ་ཀློང་དུ་མ་གྱུར་ན༔ ཤེས་རབ་དམན་པ༔ སྙིང་རྗེ་ཆུང་བ༔ དད་དང་མི་ལྡན་པ། ལེ་ལོ་ཅན༔ ཉོན་མོངས་པ་མང་བ་ལྟ་བུ་སྟེ་ཚུལ་སྣ་ཚོགས་སུ་སྣང་ངོ༔ ཞུས་པ༔ ཨོ་རྒྱན་སངས་རྒྱས་ཀུན་འདུས་གཅིག་གི་སྤྲུལ་པ་ལ་བཟང་ངན་དེ་ལྟར་ཡོད་པ་ཅི་ལགས༔ བཀའ་བསྩལ་པ༔ སངས་རྒྱས་ཆོས་ཀྱི་སྐུ་གཅིག་ལས༔ གཟུགས་སྐུ་རྣམ་པ་སྣ་ཚོགས་འབྱུང་བ་ཡང༔ གདུལ་བྱའི་དབང་གིས་ཡིན་ནོ༔ གཉིས་སྣང་ཅན་གྱི་བློ་ལ་སྣ་ཚོགས་སུ་སྣང་བའི་ཆོས་འདི་དག་ཀུན་ཀྱང་གཉུག་མ་ཕྱག་རྒྱ་ཆེན་པོའི་སྤྲུལ་པ་ལས་མི་འདའ་འོ༔ མཚོ་རྒྱལ་ཆོས་རྣམས་ང་ཡི་སྤྲུལ་པ་ཡིན་གྱིས༔ ངས་ཆེད་དུ་སྤྲུལ་པ་བྱས་པ་ནི་མ་ཡིན་ནོ༔ ཞུས་པ༔ སངས་རྒྱས་ལ་ནི་སྐྱོན་གང་ཡང་མི་མངའ༔ སེམས་ཅན་གྱི་སྐྱོན་སངས་རྒྱས་ལ་ཞུགས་པ་ཡང་མི་འཐད་ཅི་ལྟར་ལགས༔ བཀའ་བསྩལ་པ༔ སངས་རྒྱས་རྣམས་ནི་རྟག་ཏུ་ཆོས་ཀྱི་སྐུ་ལས་མ་གཡོས་ཤིང་བདག་གཞན་གྱི་སྐྱོན་ཐམས་ཅད་མི་མངའ་ཡང་གཟུགས་ཀྱི་སྐུ་ཡི་ཁྱད་པར་སྣང་བ་ཐམས་ཅད་འགྲོ་བའི་སྣང་ངོར་ཤར་བ་ཡིན༔ གཟུགས་སྐུ་ལ་སྐྱོན་མེད་ཀྱང་འགྲོ་བའི་ངོར་འཕོ་འགྱུར་ཅན་ལྟར་སྣང་བཞིན་ཉི་འོད་ལ་སྤྲིན་གྱིས་ཕན་གནོད་བྱུང་བ་ལྟར་རྟེན་འབྲེལ་ཁོ་ན་ལ་རག་ལས་པ་ཡིན་ནོ༔ ཞུས་པ༔ ཐབས་དང་ལྡན་ན་བར་ཆད་ཀྱིས་མི་ཚུགས་པ་ལགས་སོ༔ བཀའ་བསྩལ་པ༔ དེ་ནི་ཚུགས་མི་ནུས་ཏེ༔ སངས་རྒྱས་ཀྱི་བཀའ་ཡི་བདེན་པས་མེ་ཆུ་དུག་མཚོན་གྱིས་མི་ཚུགས་པ་དང་སྨན་བཟང་ན་ནད་ཀྱིས་མི་ཚུགས་པ་བཞིན་ནོ༔ ཞུས་པ༔ ཐབས་དེ་ཅི་ལྟ་བུ་ལགས༔ བཀའ་བསྩལ་པ༔ སྤྱིར་ཉེས་པ་རེ་རེ་ལ་སེལ་ཐབས་རེ་རེ་མེད་པ་མི་སྲིད་དེ་གཉེན་པོ་མེད་པའི་སྤང་བྱ་གང་ཡང་མེད་དོ༔ ཁྱད་པར་གསང་སྔགས་ནི་ཐབས་མང་དཀའ་བ་མེད་པ་ཡིན་པས་ཐབས་ཀྱི་བྱེ་བྲག་གྲངས་མེད་བརྗོད་དུ་མེད་པ་ཡོད་དོ༔ དེ་ཐམས་ཅད་གདུལ་བྱ་རེ་རེ་ལ་བསྟན་པར་མི་ནུས་ཏེ་སྣོད་མེད་དོ༔ འོན་ཀྱང་མདོར་བསྡུས་ཏེ་བསྟན་པ་ནི་དཀའ་བ་མ་ཡིན་ནོ༔ ཞེས་གསུངས་སོ༔ དེ་ནས་བདག་མཚོ་རྒྱལ་གྱིས་གུས་པའི་ཕྱག་དང་མཎྜལ་ཕུལ་ནས༔ ཀྱེ་མ་གུ་རུ་རིན་པོ་ཆེ༔ ཕྱི་རབས་སྙིགས་མའི་དུས་སུ་ཡང་ཕན་པ་དང་བདེ་བ་འབྱུང་བའི་ཆེད་དུ་སྣོད་བཅུད་རྒྱུ་རྐྱེན་ལོག་པའི་རྟེན་འབྲེལ་ངན་པས་མི་ཚུགས་པའི་ཐབས་ཟབ་མོ་བསྟན་དུ་གསོལ༔ ཞེས་ཞུས་པས་བཀའ་བསྩལ་པ༔ མཚོ་རྒྱལ་གུས་པས་ཉོན་ཅིག༔ ཐབས་ཀྱི་བྱེ་བྲག་མང་པོའི་དོན་གྱི་སྙིང་པོ་མདོར་བསྡུས་ཏེ་བཤད་ན་བཞིའོ༔ ཉེས་པ་སེལ་བའི་ཐབས་དང༔ མི་འབྱུང་བའི་ཐབས་དང༔ སྲུང་བའི་ཐབས་དང༔ བསྒྱུར་བའི་ཐབས་ཡིན་ནོ༔ དེ་ཡང་འཕེལ་བ་ནི་སྔར་གྱི་རྟེན་འབྲེལ་ཉེས་པ་ཐམས་ཅད་ཕྱིར་བཅོས་ཀྱི་ཐབས་སོ༔ མི་འབྱུང་བ་ནི་སླད་ནས་རྟེན་འབྲེལ་ངན་པ་མེད་པའི་ཐབས་སོ༔ སྲུང་བ་ནི་གལ་ཏེ་རྟེན་འབྲེལ་ངན་པ་བྱུང་ན་ཡང་ཚུགས་པར་མི་འགྱུར་བའི་ཐབས་སོ༔ བསྒྱུར་བ་ནི་རྟེན་འབྲེལ་ངན་པ་ཐམས་ཅད་བཟང་པོར་བསྒྱུར་བའི་ཐབས་སོ༔ ཞེས་དང༌། མཚོ་རྒྱལ་ཉོན་ཅིག༔ ཐབས་དང་མན་ངག་ཟབ་མོ་འདི་ལྟ་བུ་ནི་ཤིན་ཏུ་འབྱུང་བར་དཀོན་ལ༔ ཡོན་ཏན་ཁྱད་པར་ཅན་དང་ལྡན་ཏེ༔ ཡིད་བཞིན་གྱི་ནོར་བུ་ལྟ་བུའོ༔ འདི་གང་གིས་རྙེད་པའི་རྣལ་འབྱོར་པ་དེ་དག་གིས་ཉམས་སུ་ལེན་པ་དང་གཞན་དག་ལ་ཡང་བསྟན་ན་རྗེས་སུ་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་ཐམས་ཅད་མྱུར་དུ་མཆིས་པར་འགྱུར་རོ༔ ཁྱད་པར་དུ་དུས་སྙིགས་མ་ལྔ་བརྒྱ་ལ༔ པདྨའི་ཟབ་གཏེར་དབང་བའི་གང་ཟག་སྐལ་ལྡན་རྣམས༔ རྟེན་འབྲེལ་ཉེས་པས་ཚེ་ལ་གནོད་པ་དང༔ ཆོས་ཀྱི་སྒོ་འགག་གཏེར་གྱིས་ཉེས་པ་སྟེར་བ་ན༔ ཕན་པའི་གདམས་པ་འདི་རྣམས་ཉམས་སུ་ལོངས༔ འགྲོ་དོན་རྒྱས་ཤིང་ཚེ་མཐར་ཕྱིན་པ་པདྨའི་ཐ་ཚིག་གོ༔
