Descent of Blessings—Tibetan

Deities › Vajrakīlaya | Practices › Prayers | Practices › Descent of Blessings | Literary Genres › Termas | བོད་ཀྱི་བླ་མ།གཏེར་སྟོན་བསོད་རྒྱལ།

English | བོད་ཡིག

གཏེར་སྟོན་བསོད་རྒྱལ།

Vajrakīlaya

Further information:
Download this text:

༁ྃ༔ ཕུར་པ་ཡང་ཟབ་སྙིང་པོ་ལས༔ བྱིན་འབེབས་བྱིན་རླབས་མྱུར་མགྱོགས་བཞུགས་སོ༔

 

ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔

བྱིན་འབེབས་ནི༔

ཧཱུྂ༔ ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་ལ༔

བདེ་གཤེགས་ཞི་ཁྲོས་བྱིན་ཕོབ་ཅིག༔

དུར་ཁྲོད་བརྒྱད་ནས་སྐུ་བསྐྱོད་ལ༔

རིག་འཛིན་རྣམས་ཀྱིས་བྱིན་ཕོབ་ཅིག༔

རྔ་ཡབ་གླིང་ནས་སྐུ་བསྐྱོད་ལ༔

རྡོ་རྗེ་ཐོད་ཕྲེང་བྱིན་ཕོབ་ཅིག༔

ཨོ་རྒྱན་ཡུལ་ནས་སྐུ་བསྐྱོད་ལ༔

མཁའ་འགྲོའི་ཚོགས་ཀྱིས་བྱིན་ཕོབ་ཅིག༔

ནམ་མཁའི་མཐོང་ནས་སྐུ་བསྐྱོད་ལ༔

རྡོ་རྗེ་ཕྲ་མེན་བྱིན་ཕོག་ཅིག༔

གངས་དཀར་རྩེ་ནས་སྐུ་བསྐྱོད་ལ༔

རྡོ་རྗེ་གིང་ཆེན་བྱིན་ཕོབ་ཅིག༔

རྒྱ་མཚོའི་གཏིང་ནས་སྐུ་བསྐྱོད་ལ༔

མཚོ་གླིང་མཁའ་འགྲོས་བྱིན་ཕོབ་ཅིག༔

རྒྱ་བལ་བོད་ཀྱི་སྒྲུབ་གནས་སུ༔

སློབ་དཔོན་པདྨ་འབྱུང་གནས་ཀྱིས༔

བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དང་༔

ཕུར་པའི་དངོས་གྲུབ་བརྙེས་པ་ལྟར༔

དེང་འདིར་བདག་ལ་བྱིན་ཕོབ་ཅིག༔

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

ཧཱུྂ༔ དབུས་ཕྱོགས་སྟོང་གི་འཇིག་རྟེན་གྱི༔

གཟུགས་སྣང་ཐམས་ཅད་ཕུར་པའི་ལྷ༔

སྒྲ་གྲགས་བྷུདྡྷ་ཀཱི་ལ་ཡ༔

བདེ་གཤེགས་ཐུགས་ཀྱི་བྱིན་ཕོབ་ཅིག༔

ཤར་ཕྱོགས་སྟོང་གི་འཇིག་རྟེན་གྱི༔

གཟུགས་སྣང་ཐམས་ཅད་ཕུར་པའི་ལྷ༔

སྒྲ་གྲགས་བཛྲ་ཀཱི་ལ་ཡ༔

བདེ་གཤེགས་སྐུ་ཡི་བྱིན་ཕོབ་ཅིག༔

ལྷོ་ཕྱོགས་སྟོང་གི་འཇིགས་རྟེན་གྱི༔

གཟུགས་སྣང་ཐམས་ཅད་ཕུར་པའི་ལྷ༔

སྒྲ་གྲགས་རཏྣ་ཀཱི་ལ་ཡ༔

བདེ་གཤེགས་ཡོན་ཏན་བྱིན་ཕོབ་ཅིག༔

ནུབ་ཕྱོགས་སྟོང་གི་འཇིག་རྟེན་གྱི༔

གཟུགས་སྣང་ཐམས་ཅད་ཕུར་པའི་ལྷ༔

སྒྲ་གྲགས་པདྨ་ཀཱི་ལ་ཡ༔

བདེ་གཤེགས་གསུང་གི་ཕྱིན་ཕོབ་ཅིག༔

བྱང་ཕྱོགས་སྟོང་གི་འཇིག་རྟེན་གྱི༔

གཟུགས་སྣང་ཐམས་ཅད་ཕུར་པའི་ལྷ༔

སྒྲ་གྲགས་ཀརྨ་ཀཱི་ལ་ཡ༔

བདེ་གཤེགས་ཕྲིན་ལས་བྱིན་ཕོབ་ཅིག༔

རིགས་ལྔ་བདེ་གཤེགས་ཞི་ཁྲོའི་ལྷ༔

དུས་གསུམ་རྒྱལ་བ་འཁོར་བཅས་ཀྱིས༔

སྒྲུབ་པའི་གནས་འདིར་བྱིན་ཕོབ་ཅིག༔

དཀྱིལ་འཁོར་འདི་ལ་མདངས་གཅིག་ཕྱུངས༔

རྣལ་འབྱོར་བདག་ལ་དབང་བཞི་བསྐུར༔

བགེགས་དང་ལོག་འདྲེན་བར་ཆད་སོལ༔

རྟགས་དང་མཚན་མ་དངོས་སུ་སྟོན༔

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨ་བེ་ཤ་ཡ་ཕཻཾ་ཕཻཾ༔

བྱིན་རླབས་རྟགས་དང་མཚན་བཟང་པོ་ཡང་༔ དངོས་ཉམས་རྨི་ལམ་དག་ཏུ་འབྱུང་༔ རྟགས་ལ་རེ་དོག་མི་བྱ་ཞིང་༔ བརྩོན་འགྲུས་དྲག་པོས་སྒྲུབ་ལ་འབད༔ ཕྱི་རབས་དོན་ཕྱིར་གཏེར་དུ་སྦས༔ ལས་ཅན་རྣམས་དང་འདི་འཕྲད་ཤོག༔

ས་མ་ཡ༔ རྒྱ་རྒྱ་རྒྱ༔

གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ལས་རབ་གླིང་པས་དག་པར་ཕབ་པའོ། ། ། །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept