Record of Successive Incarnations—Tibetan

Practices › Prayers | བོད་ཀྱི་བླ་མ།འཁྲུལ་ཞིག་རིན་པོ་ཆེ།

English | བོད་ཡིག

འཁྲུལ་ཞིག་རིན་པོ་ཆེ།

Trulshik Rinpoche and his 30 previous incarnations

༄༅། །སྐྱེས་རབས་མཚན་གྲངས་ཅན་བཞུགས།

 

ཨོཾ་སྭསྟི།

སྲིད་ཞིའི་ཁྱབ་བདག་སྤྲུལ་གཞི་རྣམ་སྣང་མཛད། །

རྡོ་རྗེ་ཆོས་དང་ཉན་ཐོས་ཀུན་དགའ་བོ། །

རྒྱལ་པོ་ཛཿདང་ཨཱརྻ་དེ་ཝའི་ཞབས། །

ནག་པོ་སྤྱོད་པ་ཐུན་མི་སམྦྷོ་ཊ། །

ཤནྟིཾ་གརྦྷ་མཁན་ཆེན་ཞི་བ་འཚོ། །

བཻ་རོ་ཙཱ་ན་གཉགས་ལོ་ཡེ་ཤེས་ཆེ། །

ལྷ་ལུང་དཔལ་རྡོར་ཟུར་ཆེན་ཤཱཀྱ་འབྱུང་། །

གྲ་མངོན་རོང་ཟོམ་ཕམ་མཐིང་འཇིགས་མེད་གྲགས། །

ཁྱུང་པོ་རྣལ་འབྱོར་དཱི་པཾ་ཀ་རཱ་ཞབས། །

རས་ཆུང་པ་དང་བྱ་འདུལ་བརྩོན་འགྲུས་འབར། །

ས་པཎ་མེ་ལོང་རྡོ་རྗེ་ཀུན་མཁྱེན་རྗེ། །

ལྷོ་བྲག་ལས་རྡོར་འཇམ་དབྱངས་བཀྲ་ཤིས་དཔལ། །

འཁྲུལ་ཞིག་ཀུན་དགའ་ཆོས་རྗེ་ཞྭ་དེའུ། །

ཀུན་དགའ་སྙིང་པོ་འགྱུར་མེད་རྡོ་རྗེའི་ཞབས། །

གུ་ཡངས་བློ་བདེ་འཁྲུལ་ཞིག་མདོ་སྔགས་གླིང་། །

མ་འོངས་མོས་པ་སོགས་ཏེ་སྐྱེ་བའི་ཕྲེང་། །

གང་འདུལ་མོས་ངོར་ཆུ་ནང་ཟླ་གཟུགས་བཞིན། །

ད་ལྟ་དམ་པའི་སྐྱེས་བུ་དུ་མ་ཡིས། །

ལུང་གི་ངག་དབང་མདོ་སྔགས་བསྟན་ནོར་རམ། །

འགྱུར་མེད་ཆོས་ཀྱི་བློ་གྲོས་ཞེས་བྱ་བར། །

མི་ཕྱེད་དད་དང་དང་བས་གསོལ་བ་འདེབས། །

སྤྲུལ་གཞི་སྤྲུལ་པ་སྣ་ཚོགས་རོལ་པའི་གར། །

ཇི་སྙེད་སྤྲོ་ཞིང་མ་ལུས་འདུས་པའི་སྐུ། །

གསོལ་བ་འདེབས་སོ་བྱིན་རླབས་མྱུར་འཇུག་ཤོག །

 

ཅེས་པའང་ཧི་མཱ་ལ་ཡི་མངའ་ཁོངས་དྷ་རཱ་ན་མ་ཧཱ་ཡ་ནའི་དགོན་པ་བདེ་ཆེན་ཆོས་གླིང་གི་ལྷག་པ་ཤར་པ་ལགས་ནས་སྐྱེས་རབས་མཚན་གྱི་རྣམ་གྲངས་ཅན་ཞིག་དགོས་ཞེས་བསྐུལ་བའི་ངོར་ཝཱ་གིནྡྲ་དྷརྨ་མ་ཏི་རང་ཉིད་ནས་བྲག་ཕུག་མཱ་ར་ཏི་ཀའི་བྲིས་པ་ཛ་ཡནྟུ།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept