Offering of Realization—Tibetan

Literary Genres › BiographyAutobiography | Literary Genres › Advice | བོད་ཀྱི་བླ་མ།ཚུལ་ཁྲིམས་དབང་མོ། | བོད་ཀྱི་བླ་མ།མཁན་པོ་ཨ་ཁྱུག་ལུང་རྟོགས་རྒྱལ་མཚན།

English | བོད་ཡིག

ཚུལ་ཁྲིམས་དབང་མོ།

ཚུལ་ཁྲིམས་དབང་མོ།

Further information:
Download this text:

༄༅། །སྤྲུལ་སྐུ་རིན་པོ་ཆེ་ལ་རྟོགས་འབུལ།

བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །
གནས་པོ་ཏ་ལ་ཡི་ཞིང་ཁམས་ནས། །
རྗེ་བཙུན་འཕགས་མ་སྒྲོལ་མས་གཟིགས། །
མགོ་སྤྱི་བོ་བདེ་ཆེན་འཁོར་ལོ་ན། །
མི་འབྲལ་བཞུགས་ནས་བྱིན་གྱིས་རློབས། །
ས་སྐྱིད་པོ་ཡ་ཆེན་ཆོས་ཀྱི་ཞིང་། །
ཁྱེད་ནམ་མཁའི་སྙིང་པོ་གཙོ་བྱས་བླ་སྤྲུལ་རྣམས། །
སྐུ་འཆི་མེད་ལྷ་སྐུ་འགྲུབ་པར་ཞུ། །

དེ་ནས་སྤྲུལ་སྐུ་རིན་པོ་ཆེ། །
ངས་མདང་གསུམ་ཉམས་ཀྱི་རྨི་ལམ་དུ། །
སྔ་ཐུན་བར་ཐུན་ཕྱི་ཐུན་གསུམ། །
སྔ་ཐུན་ཁྲོ་མོའི་རིག་རྩལ་ལས། །
ངས་སྤྲུལ་སྐུ་སྙིང་གི་དཀྱིལ་ལ་བསྒོམ། །
གཉིས་མེད་ངོ་བོ་གཅིག་ཏུ་བསྲེས། །
གཏད་མེད་རྒྱ་ཡན་ངང་ལ་གཉིད། །
ང་ལ་རྨི་ལམ་འདི་འདྲ་ལགས། །

དེ་ནས་སྤྲུལ་སྐུ་རིན་པོ་ཆེའི་ཞལ་ནས་ཨ་ཨེ་ཚུལ་ཁྲིམས་དབང་མོ་ཁྱོད། །
ཆོས་བྱང་ཆུབ་སྒྲུབ་པའི་སློབ་མ་རྣམས། །
ངས་བརྗོད་པའི་ཚིག་ལ་ལེགས་པར་ཉོན། །
དལ་འབྱོར་ཐོབ་པའི་རིན་ཆེན་ལུས། །
ཆོས་ཚིག་བཞི་སྡོམ་བརྩོན་ཡིད་ལ་ཞོག །

ཐེ་ཚོམ་ལེ་ལོ་གཡོ་སྒྲུ་སྡིག །
རྒྱང་རིང་དུ་སྤོང་ལ་མོས་གུས་ཀྱིས། །
ཐེག་ཆེན་ཀུན་གྲོལ་ཐོས་བསམ་སྒོམས། །
དམ་ཚིག་སྲུང་ལ་ཕུ་ཐག་ཆོད། །
དབང་ལུང་ཞུས་ལ་ཏིང་འཛིན་སྒོམས། །
ལྷག་མཐོང་མན་ངག་སྙིང་པོ་བསྒྲུབ། །

མི་རྟག་སྒོམས་ལ་རང་ཉམས་སྐྱོང་། །
སྡུག་བསྔལ་རྩ་བ་སྡིག་པ་སྤོངས། །
ལེ་ལོ་མ་གཡེང་དགེ་རྩ་སྒྲུབས། །
རྒྱུ་འབྲས་བསམ་ཞིང་ཚུལ་ཁྲིམས་བསྲུང་། །
མ་འགྲོ་དྲུག་མ་བརྗེད་སེམས་བསྐྱེད་ཀྱིས། །
སེམས་བྱང་ཆུབ་བསྒོམ་དང་སངས་རྒྱས་ཐོབ། །

སྡིག་སྲོག་གཅོད་སྤོང་དང་སྙིང་རྗེ་འབྱུང་། །
ཐབས་ཤེས་སྐྱོང་མཛོད་ཟུང་འཇུག་སྒོམས། །
ཆོས་སྒོར་ཞུགས་ཙམ་སངས་མི་རྒྱ། །
ཁ་བཤད་མ་སྦྱངས་ནན་ཏན་སྒོམས། །
སློབ་པ་མངོན་དུ་ལག་ལེན་གྱིས། །

ཚེ་འདི་དཀར་ནག་སྡིག་འདོར་རེམ། །
རང་སྐྱོན་བསྐྲུང་ནས་གཞན་སྐྱོན་སྒྲོགས། །
ནང་ན་རྟོགས་པ་མེད་རྟགས་ཡིན། །
དེ་བས་རང་སེམས་ཉམས་སུ་ལོངས། །
སྐུ་གསུང་ཐུགས་རྟེན་རྟག་ཏུ་མཆོད། །
སེམས་ཅན་དགེ་བསྐུར་ཡང་ཡང་གྱིས། །
རང་མགོ་ཐོན་ཙམ་མི་ཕན་པས། །
མ་སངས་རྒྱས་ཐོབ་པའི་མོས་པ་དགོས། །

རང་སྡོམ་པ་དམ་ཚིག་ལེགས་པར་བསྲུང་། །
ཚེ་འདིའི་དཀོར་ལ་མ་ཆགས་པར། །
སྒོམ་ཁྲེགས་ཆོད་ཐོད་རྒལ་ཉམས་སུ་ལོངས། །
སེམས་ཁྱི་གླེན་བཞིན་དུ་མ་འཁྱམ་པར། །
ལུས་ཕ་བོང་བཞིན་དུ་ཏིང་འཛིན་སྒོམས། །
རང་སེམས་ཆོས་སྐུའི་ངོ་བོ་དེ། །
གང་ཤར་དེ་ཀའི་ངང་ལ་སྐྱོངས། །
ཕ་ལུང་རྟོགས་དྲིན་ཆེན་བླ་མ་དང་། །
དབྱེད་མེད་ཐུགས་ཡིད་གཅིག་ཏུ་བསྲེས། །
ཁྱོད་ཇོ་མོ་རྣམས་ཀྱི་གོ་རྒྱུ་ལ། །
མཚན་ལྡན་བླ་མའི་གསུངས་ལ་ཉོན། །
སྡོམ་པ་དམ་ཚིག་མིག་བཞིན་བསྲུང་། །

སེམས་འགྱུར་ལྡོག་མ་མང་དབེན་པ་འགྲིམ། །
དུག་ལྔའི་དུག་ཚང་མ་བཅའ་བར། །
མ་ཡེ་ཤེས་མཁའ་འགྲོའི་མཛད་པ་སྐྱོང་། །
མི་ལུས་དོན་དང་ལྡན་པར་གྱིས། །
བློ་སྣ་ཚོགས་དྲན་པ་རང་གི་སེམས། །
དེ་ཅི་དྲན་ངང་ལ་དབྱེར་མེད་མཛོད། །
ངའི་གསང་གཏམ་རྡོ་རྗེའི་ཐོལ་ཚིག་འདི། །
རྗེས་སློབ་མ་རྣམས་ཀྱི་ཐུགས་ལ་ཞོག ཞེས་གསུངས་སོ། །

དེ་ནས་ངའི་ཕྱག་འཚལ་ནས་ཞུས་པ། །
མ་མཁའ་འགྲོ་འབུམ་གྱིས་ཐུགས་སྲས་ལགས། །
རྗེ་ཉིད་ཀྱི་བཀའ་དྲིན་འགྲན་ཟླ་བྲལ། །
ཚེ་འདི་དང་ཕྱི་མ་བར་དོ་གསུམ། །
འབྲལ་མེད་ཐུགས་རྗེས་འཛིན་པར་ཞུ། །

མ་ལས་ངན་ཚུལ་ཁྲིམས་དབང་མོསགཙོས་པའི་སེམས་ཅན་རྣམས། །
སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང། །
ཁྱེད་སྤྲུལ་སྐུའི་ཐུགས་རྗེས་འཛིན་པར་ཞུ། །
མ་འགྲོ་དྲུག་འཁོར་བའི་རྒྱ་མཚོ་དེ། །
གནས་དག་པའི་ཞིང་ལ་འདྲེན་པར་ཞུ། །

མ་རུང་དུག་ལྔའི་ཕུང་པོ་དེ། །
རྫོགས་ཆེན་རང་ཞལ་མཇལ་བར་ཞུ། །
ཕ་དྲིན་ཆེན་སྤྲུལ་སྐུའི་ཐུགས་རྗེ་ཡིས། །
མ་ཁམས་གསུམ་འཁོར་བ་མ་སྟོང་བར། །
མ་ལས་ངན་ཚུལ་ཁྲིམས་དབང་མོ་ངས། །
སྔར་བྱས་སྡིག་པ་མི་དགེ་དེ། །
འགྱོད་སེམས་དྲག་པོའི་སྙིང་ནས་བཤགས།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept