གདམས་པའི་སྙིང་པོ།
༄༅། །གདམས་པའི་སྙིང་པོ།
ཁྱོད་རྣམས་ནས་དུས་དང་རྣམ་པ་ཀུན་ཏུ། ལྟ་བ་རྟོགས་ཁུལ་བྱས་ནས་ལས་རྒྱུ་འབྲས་དང་འདུས་བྱས་ཀྱི་དགེ་བ་ཁྱད་དུ་མ་གསོད།ལྟ་བ་མ་འཁྲུལ་བ་ཞིག་རྟོགས་ན་རང་འདོད་ཀྱི་ངན་གཡོ་ཟད་ནས་བསམ་པ་རང་ཤུགས་ཀྱིས་བཟང་པོར་འགྱུར་ཏེ། གཞན་དོན་ལ་ངང་གིས་སྤྲོ་བ་ཞིག་ཡིན་པ་འདྲ། དེས་ན་རང་འདོད་ཀྱི་ཆགས་སྡང་འདི་སྣང་ཆོས་བརྒྱད་ཀྱི་བློ་མ་ཟད་ཀྱི་བར་དུ་སྔོན་འགྲོ་བཞིན་བློ་ལྡོག་རྣམ་བཞི་དང་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས། རིམ་གཉིས་ཟབ་མོའི་ལམ་ཉམས་སུ་ལེན་པའི་ཐོག་མ་ནས་རྨི་ལམ་བཟང་པོ་སོགས་དངོས་གྲུབ་ཀྱི་ལྟས་རློམ་སེམས་ཅན་བྱུང་བ་ནི། བདུད་ཀྱི་བར་ཆད་ཡིན་ཏེ། སྔོན་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བྱང་གཏེར་ཚེ་སྒྲུབ་བསྙེན་པས་ཞག་བདུན་ནས་ཚེ་དཔག་མེད་ཀྱི་ཞལ་མཇལ་ཚེ། བསྒྲུབས་ལོང་མེད་པར་ཞལ་བསྟན་མི་འདི་བདུད་ཀྱི་བར་ཆད་ཡིན་གསུངས་ནས་ཐལ་བ་སྤར་གང་གཏོར་ཏེ་དེ་རྗེས་ལོ་གསུམ་བསྒྲུབས་པས། སླར་ཚེ་དཔག་མེད་ཀྱི་ཞལ་མངོན་སུམ་གཟིགས་ནས་ཚེ་ཡི་རིག་འཛིན་གྲུབ་པ་ཡིན། སྒྲུབ་རྟགས་མེད་ནའང་རེ་དོགས་མི་བྱ་བར་བླ་མ་དང་ཆོས་ལ་ཡིད་ཆེས་བསྐྱེད་ནས་བརྩོན་པས་ཉམས་སུ་བླངས་ན་ཐོགས་མེད་ཀྱིས་རི་བོ་བྱ་རྐང་དུ་ལོ་བཅུ་གཉིས་ལ་བྱམས་པ་བསྒྲུབས་ཚེ་རྨི་ལམ་བཟང་པོ་ཙམ་མ་བྱུངཡང་སྒྲིབ་ཚོགས་རིམ་ཀྱིས་ཟད་དེ་མཐར་སྙིང་རྗེ་ཆེན་པོ་ཐུགས་ལ་འཁྲུངས་པ་དང་མཉམ་དུ་སྒྲིབ་ཚོགས་ལྷག་མེད་དུ་དག་ནས་གྲུབ་པ་ཐོབ་པ་ཡིན།དེས་ན་ཕྱིན་ཆད་ཁྱོད་རྣམས་ཀྱིས་སྒྲིབ་ཚོགས་གློ་བུར་བ་དག་བྱེད་ཀྱི་རྒྱུ་ཚོགས་གཉིས། ལམ་རིམ་གཉིས། སྟོང་དང་སྙིང་རྗེ་ཟུང་འཇུག་སོགས་ཐབས་ཤེས་ཡ་མ་བྲལ་བར་བརྩོན་པས་ཉམས་སུ་བླང་ན། རང་གནས་ཀྱི་འབྲས་བུ་སྐུ་གཉིས་མངོན་དུ་གྱུར་པ་ལ་ནམ་ཡང་མི་བསླུ་བ་ཡིན། ད་ལྟ་སྙིགས་མའི་དུས་འདིར་ཁ་ཕྱིར་བལྟས་ཀྱིས་བདག་བསྟོད་གཞན་སྨད་ལོག་ལྟ་བསྐུར་འདེབས་སོགས་ཆོས་ལ་བརྟེན་ནས་སྡིག་པ་གསོག་མཁན་ཤིན་ཏུ་མང་བས་ཁྱོད་རྣམས་ཀྱིས་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན་ནས། ཆོས་ཆེན་པོ་མ་འགྲུབ་ནའང་སྡིག་པ་མི་གསོག་པར། ཕྱོགས་མེད་ཀྱི་དད་པ་དག་སྣང་བྱམས་སྙིང་རྗེ་སོགས་དགེ་སེམས་སྐད་ཅིག་མ་རེ་རྒྱུད་ལ་ཨེ་སྐྱེ་བལྟ་བ་དང་། འདོད་ཆུང་ཆོག་ཤེས་ཀྱིས་རི་ལ་འདུག་པའི་མ་ཎི་བན་རྒན་བསམ་པ་བཟང་པོ་ངོ་ལྐོག་མེད་པ་ཅན་རེ་ཨེ་འོང་གི་རེ་བ་བྱེད་ན་རྟགས་ཙམ་འཛིན་པའི་དུས་འདིར་ཐར་ལམ་ཟིན་པའི་ཆོས་པ་རབ་གཅིག་བྱུང་བ་ཡིན་ཞེས།
