The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

View, Meditation and Action—Tibetan

English | Français | 中文 | བོད་ཡིག

༄༅།  །ལྟ་སྒོམ་སྤྱོད་གསུམ་མདོར་བསྡུས་བཞུགས་སོ།  །

ཐིག་ལེ་ཉག་གཅིག་ཡེ་ཐོག་གདོད་མའི་མགོན།  །
རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང༌།  །
ཁྱེད་ཤེས་དྲག་པོས་རྩེ་གཅིག་གསོལ་འདེབས་ན།  །   
དགོངས་རྒྱུད་སྙིང་ལ་འཕོ་བར་བྱིན་གྱིས་རློབས།  །
ཁྱེད་རྙེད་དཀའ་བ་མི་ཡི་ལུས་རྟེན་རྙེད།  །
སྐྱེ་དཀའ་བའི་ངེས་འབྱུང་གི་བསམ་པ་སྐྱེས།  །
མཇལ་དཀའ་བའི་མཚན་ལྡན་གྱི་བླ་མ་མཇལ།  །
འཕྲད་དཀའ་བ་དམ་པའི་ཆོས་དང་འཕྲད།  །
འདི་འདྲ་བའི་ལུས་རྟེན་བཟང་པོ་འདི།  །
ཐོབ་དཀའ་བའི་ཚུལ་ལ་ཡང་ཡང་སོམ།  །
རྙེད་པ་འདི་དོན་ཡོད་མ་བྱས་ན།  །
འདི་མི་རྟག་རླུང་གསེབ་མར་མེ་འདྲ།  །
ཡུན་རིང་པོའི་བློ་གཏད་འདི་ལ་མེད།  །
ཤི་བར་དོར་གྲོལ་བའི་གདེངས་མེད་ན།  །
ཚེ་ཕྱི་མའི་སྡུག་བསྔལ་ཨ་རེ་འཇིགས།  །
མཐའ་མེད་པའི་འཁོར་བར་འཁྱམས་དགོས་ཚེ།  །
འདིའི་རང་བཞིན་བསམ་ན་སེམས་རེ་སྐྱོ།  །
ཚེ་འདི་ལ་བློ་གདེངས་ཐོབ་པ་ཞིག  །
ཅི་ནས་ཀྱང་མཛད་རྒྱུ་བཀའ་དྲིན་ཆེ།  །
འདི་བདག་གིས་ཁྱོད་ལ་རེ་བ་ཡིན།  །
ཁྱོད་སེམས་ཉིད་མེ་ལོང་གཟིགས་འདོད་ན།  །
ཁ་ཕར་ལ་མ་བལྟ་ཚུར་ལ་ལྟོས།  །
ཁ་ཕར་ལྟ་འཁྲུལ་བ་རང་རྒྱུད་ཡིན།  །
ཁ་ཚུར་ལྟོས་རང་གི་སེམས་ལ་གཟིགས།  །
འདས་པའི་རྣམ་རྟོག་གི་རྗེས་མ་འབྲང༌།  །
མ་འོངས་རྣམ་རྟོག་གིས་མདུན་མ་བསུ།  །
ད་ལྟའི་རྣམ་རྟོག་འཕྲོ་རྒོད་འདི།  །
སེམས་ཁ་ནང་དུ་ལོག་མ་ཐག  །
བཅས་བཅོས་སྤུ་ཙམ་མི་བྱེད་པར།  །
དེ་གར་རང་བབ་ལྷུག་གེར་ཞོག  །
རྣམ་རྟོག་རང་བབ་བཞག་པ་འདི།  །
དངོས་གཞི་མ་ཡིན་བཞག་ཐབས་ཡིན།  །
བཞག་ཐབས་དེ་ཀའི་ངང་དེ་ལ།  །
དངོས་གཞིའི་རིག་པ་མཇལ་རན་ཡོད།  །
རང་བབ་ངང་དུ་བཞག་མ་ཐག  །
རྣམ་རྟོག་ཤུགས་ཀྱིས་འགགས་ནས་འགྲོ།  །
རྣམ་རྟོག་རང་དྭངས་ཡལ་བའི་ཤུལ།  །
སེམས་ཀྱི་ངོ་བོ་སྟོང་སངས་ངེ༌།  །
གཏད་མེད་ཕྱོགས་ལྷུང་བྲལ་བ་ཡི།  །
ནམ་མཁའ་ལྟ་བུའི་ཉམས་ཞིག་འཆར།  །
དེ་ངོ་བོ་སྟོང་པ་ཆོས་སྐུ་ཡིན།  །
སྟོང་པ་དེ་ཡི་ངང་དེ་ན།  །
སེམས་ཀྱི་རང་བཞིན་གསལ་དྭངས་ངེ༌།  །
འདི་ཞེས་དངོས་མཚན་བྲལ་བ་ཡི།  །
རང་གསལ་རྒྱ་ཡན་ཟང་ཐལ་ལེར།  །
ངང་གིས་གསལ་བ་ལོངས་སྐུ་ཡིན།  །
འདི་འདྲའི་གསལ་སྟོང་རིག་པ་དེ།  །
མཐོང་མཁན་གཞན་ཞིག་ཡོད་མ་ཡིན།  །
མཐོང་རྒྱུ་སྟོང་པ་ཆོས་སྐུ་དང༌།  །
མཐོང་མཁན་གསལ་བའི་ཡེ་ཤེས་གཉིས།  །
འདི་ལ་སྟོང་གསལ་བརྗོད་ཀྱང་ཆོག  །
དབྱིངས་དང་ཡེ་ཤེས་ཞེས་ཀྱང་བརྗོད།  །
འདི་གཉིས་ཐ་དད་མ་ཡིན་ཏེ།  །
སྟོང་པ་དེ་ཡི་རང་བཞིན་གསལ།  །
གསལ་པ་དེ་ཡི་ངོ་བོ་སྟོང༌།  །
དེ་ཕྱིར་གསལ་སྟོང་ཟུང་དུ་འཇུག  །
ཐ་དད་མ་ཡིན་རོ་གཅིག་ཕྱིར།  །
མཐོང་བྱ་མཐོང་མཁན་གཉིས་སུ་མེད།  །
གཉིས་མེད་ཚུལ་གྱིས་མཐོང་བ་ཡིན།  །
དེ་ཕྱིར་སོ་སོ་རང་རིག་ཅེས།  །
སེམས་རང་གིས་རང་ཉིད་མཐོང་བ་ཡིན།  །
གསལ་སྟོང་རོ་གཅིག་དེ་ཀའི་ངང༌།  །
བཟང་ངན་འཁོར་འདས་རོ་མཉམ་པས།  །
འཁོར་འདས་གཉིས་ཞེས་ཐ་དད་མེད།  །
རྫོགས་པ་ཆེན་པོ་དེ་ཀའོ།  །
དེ་འདྲའི་རྫོགས་པ་ཆེན་པོ་དེ།  །
སུ་ཡིས་རྟོགས་པ་དེའི་རྒྱུད་ལ།  །
ཕྱོགས་རིས་མེད་པའི་སྙིང་རྗེ་དང༌།  །
ཕྱོགས་རིས་མེད་པའི་དག་སྣང་ཞིག  །
རྩོལ་མེད་ངང་གིས་འབྱུང་བར་འགྱུར།  །
དེ་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་ཡིན།  །
སྐུ་གསུམ་གྱི་རིག་པ་དེ་ཀའོ།  །
དེ་ལས་གཞན་མེད་ཁོ་ཐག་ཆོད།  །
ཁོ་ཐག་མ་ཆོད་བན་ནེ་བུན།  །
གནས་ལུགས་རྟོགས་པའི་དུས་མི་འོང༌།  །
ཁོ་ཐག་ནང་ནས་ཆོད་པ་དགོས།  །
དེ་རྫོགས་པ་ཆེན་པོའི་ལྟ་བ་ཡིན།  །
ལྟ་བསྒོམ་སྤྱོད་གསུམ་ནང་ནས་ལྟ་བ་གཙོ།  །
འཁྲུལ་མེད་ལྟ་བ་རྟོགས་པ་ཤིན་ཏུ་གལ།  །
ལྟ་བ་མ་རྟོགས་སྒོམ་གཞི་གང་ཡང་མེད།  །
འཁྲུལ་མེད་ལྟ་བ་དངོས་སུ་རྟོགས་པའི་རྗེས།  །
དེ་ནས་བསྒོམ་པས་ཉམས་སུ་ལེན་པའི་སྐབས།  །
རང་ངོ་འཕྲོད་པའི་ལྟ་བའི་ངང་དེ་ལ།  །
བཞུགས་ཡུན་བསྲིང་ནས་འབད་པས་བསྒོམ་པ་ཡིན།  །
དེ་བས་སྒོམ་རྒྱུ་གཞན་ཞིག་ལོགས་ན་མེད།  །
དེ་ཡང་ལྟ་བ་ཀློང་དུ་མ་གྱུར་བར།  །
ལོ་དང་ཟླ་བའི་རྩིས་གདབ་མི་བྱེད་པར།  །
མི་ཚེ་ཆོས་ལ་བསྐྱལ་བའི་བློ་ཐག་བཅད།  །
ཆོས་པ་རབས་ཀྱི་མཛད་སྟངས་དེ་འདྲ་ཡིན།  །
དང་པོ་ཉིད་ནས་སྤྲོས་མེད་མཉམ་ཉིད་སོགས།  །
ཁ་རུ་འཁྱེར་ནས་ཐུན་མེད་འབོ་ལྷུག་མ།  །
གང་བྱུང་ཟ་འདོད་སྐྱིད་ཉལ་མཛད་གྱུར་ན།  །
ཐ་མ་སྤྲོས་མེད་ཆོ་མེད་མི་ཕྱེད་པའི། །
འཆི་ཁ་མདོ་མེད་ཞིག་ཏུ་འགྱུར་ཉེན་ཆེ།  །
སྟོང་གཏམ་ཁ་ཕོ་ཆེ་བ་དོན་མེད་ཡིན།  །
དེ་བས་དམ་པ་རྣམས་དང་རྗེས་མཐུན་པའི།  །
ཉམས་ཆུང་ཆོས་པ་ཁ་དོན་མཚུངས་པ་དགོས།  །
དེ་ཕྱིར་རབས་ན་དབེན་པའི་རི་ལ་ཕྱིན།  །
མིན་ཀྱང་འདུ་འཛི་ཅུང་ཟད་ཆུང་བའི་སར།  །
ཐུན་དང་ཐུན་མཚམས་དབྱེ་བ་ཕྱེ་ནས་སུ།  །
མཉམ་བཞག་ཐུན་བཅད་བྱ་བ་དགུ་ཕྲུག་བཏང༌།  །
ཕྱི་རུ་མི་གཡེངས་ནང་དུ་མི་འཛིན་པར།  །
རང་བབ་གཉུག་མའི་ངང་དུ་ཕྱམ་མེར་ཞོག  །
སྒོ་ལྔའི་ཡུལ་དུ་སྣང་བ་གང་ཤར་ཡང༌།  །
རྒྱ་མཚོའི་ནང་དུ་གཟའ་སྐར་ཤར་བ་བཞིན།  །
གང་ཤར་འཛིན་མེད་ཀློང་དུ་མཉམ་པར་བཞག  །
དམིགས་གཏད་ཅུང་ཟད་མེད་པ་སྒོམ་གྱི་མཆོག  །
དང་པོའི་ལས་ཅན་དེ་འདྲ་འབྱུང་དཀའ་ཡང༌།  །
ཕྱིས་ནས་རིམ་གྱིས་བརྩོན་པས་འབྱུང་བར་འགྱུར།  །
རྗེས་ཐོབ་སྐབས་སུ་སྟོང་ཉིད་སྙིང་རྗེ་དང༌།  །
སྒྱུ་མ་རྨི་ལམ་ལྟ་བུའི་རྩལ་སྦྱང་བྱ།  །
ཆོས་སྤྱོད་སྒྲིབ་སྦྱང་རྣམས་ཀྱང་གང་ཐུབ་འབད།  །
ཁྱད་པར་མཉམ་བཞག་སྐབས་ཀྱི་ལྟ་བ་དེར།  །
ཕྱིར་བསམ་བཏང་ཞིང་མཉམ་རྗེས་བསྲེ་བ་གནད།  །
ཀུན་གཞི་ཆོས་སྐུ་སེམས་རིག་དབྱེ་བ་དང༌།  །
གོལ་ཤོར་ནོར་གསུམ་ལ་སོགས་སྐྱོན་ཡོན་ཀུན།  །
དཔྱད་ཅིང་ཤེས་ནས་བླང་དོར་འབད་པ་གཅེས།  །
དེ་དག་རྗེས་ཐོབ་སྐབས་ཀྱི་ལག་ལེན་ཡིན།  །
དེ་ལྟར་ཉམས་ལེན་ཡུན་རིང་འབད་པའི་སྐབས།  །
བདེ་གསལ་མི་རྟོག་ལ་སོགས་ཉམས་སྣང་ཀུན།  །
གང་ཤར་ཉེར་ལེན་ཆེད་འཛིན་མི་བྱེད་པར།  །
ལྟ་བས་ཐག་བཅད་རང་བབ་ཉམས་ལེན་བསྐྱངས།  །
རིམ་གྱིས་བཟང་ཉམས་གོང་འཕེལ་ངན་མཐའ་ཆོད།  །
ཐུན་རེ་བཞིན་དུ་དང་པོ་སེམས་བསྐྱེད་དང༌།  །
བླ་མའི་རྣལ་འབྱོར་དབང་བཞི་ལེན་པ་དང༌།  །
ཐུན་རྗེས་བསྔོ་བ་སྨོན་ལམ་རྒྱས་འདེབས་རྣམས།  །
སྒོམ་གྱི་ཁོག་ཕུབ་ཡིན་པས་མེད་ཐབས་མེད།  །
ཁྱད་པར་བླ་མའི་རྣལ་འབྱོར་ཉམས་ལེན་ནི།  །
ཉམས་ལེན་མཐར་ཕྱིན་སྒོམ་མེད་ས་རུ་སླེབས།  །
རང་རིག་བླ་མར་དངོས་སུ་མ་ཤར་བར།  །
སྒོམ་གྱི་དངོས་གཞི་ཡིན་པས་གནད་དུ་བཟུང༌།  །
དེ་ལྟར་ཉིན་རེར་ཐུན་བཞིའི་རྣལ་འབྱོར་ལ།  །
ཐང་ལྷོད་མེད་པར་ཉམས་བཞེས་མཛད་ནུས་ན།  །
བི་མ་མི་ཏྲས་ཉམས་ལྔ་བསྟན་པ་སོགས།  །
ཐམས་ཅད་མཐར་ཕྱིན་གདོད་མའི་མལ་ས་དེར།  །
བཙན་ས་ཟིན་པར་འགྱུར་བ་གདོན་མི་ཟ།  །
མིན་ཀྱང་འདི་ལ་བརྩོན་པ་འབྲིང་ཙམ་དང༌།  །
ཐོས་བསམ་ཙམ་རེ་མཛད་མཁན་ཡོད་ན་ཡང༌།  །
ཆོས་བརྒྱད་འདི་ལ་ཞེན་པ་སྲབ་འགྱུར་ཞིང༌།  །
གུ་ཡང་བློ་བདེའི་ངང་དུ་ཚེ་འཁྱོལ་ནས།  །
ལམ་སྣེ་ཟིན་ཞིང་ཡུན་རིང་མི་འགོར་བར།  །
རྣམ་མཁྱེན་གདོད་མའི་ས་ལ་གྲོལ་བར་ངེས།  །
དེ་ནས་སྤྱོད་པ་ཕྱོགས་ཙམ་བསྟན་པ་ནི།  །
དེ་ལྟར་མཉམ་པར་བཞག་པའི་གནས་སྐབས་ན།  །
རྣམ་རྟོག་གསར་བུ་ཐོལ་གྱིས་བྱུང་བའམ།  །
འོག་འགྱུའི་ཚུལ་དུ་ཉུག་ཉུག་བྱུང་བའི་ཚེ།  །
རྣམ་རྟོག་བྱུང་བ་རང་རིག་ངང་ནས་མཐོང༌།  །
དེ་ལ་རྗེས་མཐུད་བཟང་ངན་དགའ་སྡུག་སོགས།  །
གང་ཡང་མི་བྱ་ཤར་བ་མཐོང་མ་ཐག  །
ཤར་བ་དེ་ཀའི་ངང་དུ་རང་བབ་ཞོག  །
རང་བབ་བཞག་པས་རྣམ་རྟོག་རང་ཡལ་ནས།  །
སྔར་གྱི་རིག་ཐོག་དེ་རུ་སླེབས་པར་འགྱུར།  །
དེ་ནས་སྔར་བཞིན་རང་བབ་ཉམས་ལེན་བསྐྱངས།  །
དེ་ལྟར་རྣམ་རྟོག་བཟང་ངན་གང་ཤར་ཡང༌།  །
ཆེད་འཛིན་མི་བྱ་རང་ཤར་རང་གྲོལ་ཐོགས།  །
རྣམ་རྟོག་གྲོལ་ལུགས་རྣམ་གསུམ་གང་ལྟར་ཡང༌།  །
ཁྱད་མེད་དོན་གཅིག་རང་ཤར་རང་གྲོལ་ཡིན།  །
རྣམ་རྟོག་ཤར་ཡང་ཆོས་སྐུའི་ཀློང་ནས་ཤར།  །
རྣམ་རྟོག་འགགས་ཀྱང་རིག་པའི་ཀློང་དུ་འགགས།  །
ཤར་བས་མི་གནོད་རང་གྲོལ་གཏོངས་ཤེས་ན།  །
ལྟ་བར་བོགས་འདོན་འོང་བའི་ཁྱད་ཆོས་ཡོད།  །
དེ་ལྟར་འབད་པས་རྣམ་རྟོག་ཉུང་བ་དང༌།  །
ཤར་བས་གཞི་ལ་གནོད་པ་མི་འབྱུང་སོགས།  །
གྲོལ་ལུགས་རབ་འབྲིང་ཐ་མ་རིམ་གྱིས་འོང༌།  །
དེ་ལྟར་གྲོལ་ལུགས་གནད་དང་མ་ལྡན་ན།  །
མཐའ་མར་གྲོལ་བ་ཐོབ་པའི་དུས་མི་འོང༌།  །
རྣམ་རྟོག་གྲོལ་ལུགས་ཤེས་པ་སྤྱོད་པའི་མཆོག  །
དེ་ལྟར་ཉམས་སུ་བླང་བའི་འབྲས་བུ་ནི།  །
ཉོན་མོངས་རྣམ་རྟོག་རིམ་གྱིས་སྲབ་པ་དང༌།  །
ཆོས་བརྒྱད་འདི་ལ་ཞེན་པ་ཇེ་ཆུང་སོང༌།  །
མོས་གུས་དག་སྣང་རིམ་གྱིས་ཇེ་ཆེར་འཕེལ།  །
རྨི་ལམ་ཟིན་ཞིང་འོད་གསལ་འཆར་བ་སོགས།  །
འདི་ནི་ལམ་གྱི་འབྲས་བུ་ཡང་དག་ཡིན།  །
དེ་མིན་ལྷ་ཞལ་མཇལ་དང་ལུང་བསྟན་ཐོབ།  །
མངོན་ཤེས་འཆར་སོགས་འབྲས་བུ་ཡིན་ནམ་མིན།  །
བཟང་ངན་མི་ཤེས་བདུད་ཀྱིས་བསླུ་བ་འོང༌།  །
རེ་སྒུག་མ་བྱེད་དེ་གར་སྐྱུར་ལ་ཞོག  །
མཐའ་མ་འཆི་ཁའམ་ཆོས་ཉིད་བར་དོ་རུ།  །
གཞི་སྣང་ངོས་ཟིན་གཞི་ཐོག་དེ་ཉིད་དུ།  །
བཙན་ས་ཟིན་ནས་གྲོལ་བ་ངེས་པར་ཐོབ།  །
དེ་ལྟར་ལྟ་སྒོམ་སྤྱོད་གསུམ་མདོར་བསྡུས་ཤིག  །
གྲོགས་ཀྱིས་ཞལ་གསུང་མི་ལྡོག་ཙམ་དུ་བྲིས།  །
འདི་ནི་རང་ལ་མེད་པའི་ཁ་ཆོས་ཡིན།  །
དེ་ཕྱིར་ནོར་འཁྲུལ་མང་པོ་ཡོད་ངེས་པས།  །
གཞན་ལ་དྲིས་ནས་དོགས་གཅོད་ཞིབ་མོ་མཛོད།  །
གལ་ཏེ་འགྲིགས་པ་ཅུང་ཟད་ཡོད་པ་རྣམས༌།  །
གྲོགས་ཀྱི་ཉམས་ལེན་བོགས་འདོན་ཡོང་བ་དང༌།  །
ཉམས་ལེན་མཐའ་རུ་ཕྱིན་པའི་རྐྱེན་ཙམ་དུ།  །
གྱུར་ནས་ཕྱམ་གཅིག་གདོད་མའི་གཞི་ཀློང་དུ།  །
གྲོལ་ནས་དོན་གཉིས་འགྲུབ་པའི་སྨོན་ལམ་ཞུ།  །

ཞེས་ཆོས་གྲོགས་དམ་པ་ཁམས་རི་བོ་ཆེ་ནས་ཕེབས་པའི་བླ་མ་ཚེ་དབང་ནས་བསྐུལ་ངོར་ཞལ་གསུང་མི་ལྡོག་ཙམ་དུ་གཡང་ཐང་སྤྲུལ་མིང་པས་མགོ་མེད་རྔ་མེད་དུ་བྲིས་པ་འདིས་ཀྱང་གྲོགས་ཀྱི་ཉམས་ལེན་ལ་ཕན་པའི་རྒྱུར་གྱུར་ཅིག།  །།

མདོ་མང་གཡང་ཐང་རིན་པོ་ཆེ།

Domang Yangthang Rinpoche

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept