Vasudhārā Dhāraṇī—Tibetan

Literary Genres › Dhāraṇī | Deities › Vasudhārā | Collections & Cycles › Kangyur | Collections & Cycles › Ten Royal Sūtras | སངས་རྒྱས་ཀྱི་བཀའ།

English | བོད་ཡིག

Buddha

Vasudhārā

Further information:
Download this text:

༄༅། །འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས་བཞུགས་སོ། །

 

རྒྱ་གར་སྐད་དུ། ཨཱཪྻ་བ་སུ་དྷཱ་རཱ་ནཱ་མ་དྷཱ་ར་ཎཱི།

བོད་སྐད་དུ། འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས།

 

སངས་རྒྱས་དང༌བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །

 

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་ཚེར་མ་ཅན་ཞེས་བྱ་བའི་ནགས་ཆེན་པོ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།

དེའི་ཚེ་ཀཽ་ཤཱམྦཱིའི་གྲོང་ཁྱེར་ཆེན་པོ་ན། ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ། དབང་པོ་ཉེ་བར་ཞི་བ། ཡིད་ཉེ་བར་ཞི་བ། བུ་ཕོ་དང། བུ་མོ་མང་བ། བཟའ་མི་མང་པོ་དང་ལྡན་པ། དད་ཅིང་ཆེར་དད་པ་ཞིག་གནས་པ་དེ།

བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །

ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །

དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །

ཁྱིམ་བདག ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང༌། ཁྱོད་ཀྱིས་ཇི་ལྟར་དྲིས་པའི་དྲི་བ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །

དེ་སྐད་ཅེས་བཀའ་སྩལ་པ་དང༌། ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དབུལ་པོར་གྱུར་པ་ལས་ཇི་ལྟར་དབུལ་བ་མ་མཆིས་པར་འགྱུར་ཞིང༌། བྲོ་ནད་ཀྱིས་ཐེབས་ན་ཡང་བྲོ་ནད་མ་མཆིས་པར་འགྱུར་པ་ལགས།

དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །

ཁྱིམ་བདག ཁྱོད་ཅིའི་ཕྱིར་དབུལ་པོའི་དོན་དུ་འདྲི། དེ་སྐད་ཅེས་བཀའ་སྩལ་པ་དང༌།

བཅོམ་ལྡན་འདས་ལ་ཁྱིམ་བདག་ཟླ་བ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས། བདག་ནི་དབུལ་བ་མང་བ་དང༌། གསོ་བ་མང་བ་དང༌། བུ་ཕོ་དང་བུ་མོ་མང་བ། བཟའ་མི་མང་པོ་དང་ལྡན་པ་ལགས་ཏེ། དེའི་སླད་དུ། གང་གིས་སེམས་ཅན་དབུལ་པོ་རྣམས་ཀྱི་དབུལ་བ་མ་མཆིས་པར་འགྱུར་བ་དང༌། བྲོ་ནད་ཀྱིས་ཐེབས་པ་རྣམས་བྲོ་ནད་མ་མཆིས་པར་འགྱུར་བ་དང༌། ནོར་དང༌། འབྲུ་དང༌། མཛོད་དང༌། བང་མཛོད་མང་པོ་དང་ལྡན་པར་འགྱུར་བ་དང༌། སྡུག་པ་དང༌། ཡིད་དུ་མཆིས་པ་དང༌། མཐོང་ན་ཡིད་དུ་འཐད་པ་དང༌། དབང་ཕྱུག་ཏུ་འགྱུར་བ་དང༌། སྦྱིན་བདག་མཛོད་པས་མི་འཚལ་ཞིང༌། དབྱིག་དང༌། གསེར་དང༌། ནོར་དང༌། འབྲུའི་མཛོད་དང༌། བང་མཛོད་རྣམས་དང༌། ནོར་བུ་དང༌། མུ་ཏིག་དང༌། རྡོ་རྗེ་དང༌། བཻ་ཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུ་དང༌། ས་ལེ་སྦྲམ་དང༌། དབུལ་བས་མ་འཚལ་ཅིང་འབྱོར་བར་འགྱུར་བ་དང༌། ཁྱིམ་གྱི་བུ་སྨད་དང༌། བཟའ་མི་རྣམས་བརྟན་པར་འགྱུར་བའི་ཆོས་ཀྱི་རྣམ་གྲངས་དེ་བཅོམ་ལྡན་འདས་ཀྱིས་ལེགས་པར་བཤད་དུ་གསོལ།

དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །

ཁྱིམ་བདག འདས་པའི་དུས་བསྐལ་བ་གྲངས་མེད་པ་འདས་པར་གྱུར་པ་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།

རིགས་ཀྱི་བུ། ངས་དེ་བཞིན་གཤེགས་པ་དེ་ལས་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས་འདི་ཐོས་ཏེ། བཟུང་ཞིང་བཅངས་བཀླགས། ཀུན་ཆུབ་པར་བྱས། རྗེས་སུ་ཡི་རང་བར་བྱས་ཤིང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏེ།

རིགས་ཀྱི་བུ། ད་ཡང་ངས་དེ་བཤད་པར་བྱའོ། །

རིགས་ཀྱི་བུ། གཟུངས་འདིའི་མཐུས་མི་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །མི་མ་ཡིན་པ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །གནོད་སྦྱིན་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །སྲིན་པོ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ཡི་དྭགས་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ཤ་ཟ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །འབྱུང་པོ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །གྲུལ་བུམ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །བརྗེད་བྱེད་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །གནོན་པོ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ལུས་སྲུལ་པོ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ལྷ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ལྷ་མ་ཡིན་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ཟས་སུ་མི་གཙང་བ་ཟ་བ་རྣམས་དང༌། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་ཁྲག་འཐུང་བ་རྣམས་དང༌། ཟས་སུ་ཤ་ཟ་བ་རྣམས་དང༌། ཟས་སུ་རྣག་འཐུང་བ་རྣམས་དང༌། ཟས་སུ་ཞག་ཟ་བ་རྣམས་དང༌། ཟས་སུ་རྐང་ཟ་བ་རྣམས་དང༌། ཟས་སུ་ངར་སྣབས་ཟ་བ་རྣམས་དང༌། ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང༌། ཟས་སུ་དབུགས་རྔུབ་པ་རྣམས་དང༌། འབྱུང་བ་ཟ་བའི་བར་རྣམས་རྣམ་པར་འཚེ་བར་མི་འགྱུར་རོ། །

རིགས་ཀྱི་བུ། ནོར་གྱི་རྒྱུན་གྱི་གཟུངས་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གི་ཁྱིམ་ན་ཡོད་དམ། སྙིང་ལ་ཡོད་དམ། ལག་ན་ཡོད་དམ། གླེགས་བམ་དུ་ཆུད་དམ། ཐོས་པར་གྱུར་ཏམ། ཀུན་ཆུབ་པར་བྱས་སམ། བཀླགས་སམ། བཟུང་ངམ། རྗེས་སུ་ཡི་རང་བར་བྱས་སམ། གཞན་དག་ལ་རྒྱ་ཆེར་རབ་ཏུ་བསྟན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་ཡུན་རིང་པོའི་དོན་དང༌། ཕན་པ་དང༌། དགེ་བ་དང༌། གྲུབ་པ་དང༌། བདེ་བ་དང༌། ལོ་ལེགས་བར་འགྱུར་རོ། །

སུ་ཞིག་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་གྱི་གཟུངས་འདི་ནམ་ཕྱེད་ན་ལན་གཉིས་སམ། ལན་གསུམ་མམ། ལན་བཞི་བཏོན་ན། དེའི་ལྷ་ཡིད་རངས་ཏེ་དེ་བཞིན་གཤེགས་པའི་བསྟན་པ་ལ་དགའ་བ་དང༌། ཆོས་གདགས་པ་བྱས་པས་དགའ་བ་དང༌། དགེ་འདུན་གདགས་པ་བྱས་པས་དགའ་བ་དང༌། ཆོས་སྨྲ་བ་ལ་དགའ་བ་དང༌། ལྷག་པའི་བསམ་པས་བདག་ཉིད་འོངས་ཏེ། འབྲུའི་ཆར་འབེབས་སོ། །

 

ན་མོ་བཛྲ་དྷ་ར་སཱ་ག་ར་ནིརྒྷོ་ཥཱ་ཡ། ཏ་ཐཱ་ག་ཏཱ་ཡ།

ཏདྱ་ཐཱ། ཨོཾ་སུ་རཱུ་བེ། བྷ་དྲེ། བྷ་དྲ་བ་ཏི། ཨཾ་ག་ལེ། མཾ་ག་ལེ། མཾ་ག་ལ་བ་ཏི། ཨ་ལེ། ཨ་ཙ་ལེ། ཨ་ཙ་ལ་བ་ལེ། ཨུདྒྷ་ཏི་ནི། ཨུད་བྷེ་དི་ནི། ཤ་སྱ་བ་ཏི། དྷ་ན་བ་ཏི། དྷཱ་ནྱ་བ་ཏི། ཤྲཱི་མ་ཏི། པྲ་བྷ་བ་ཏི། ཨ་མ་ལེ། བི་མ་ལེ། ནི་རྨ་ལེ། རུ་རུ་མེ། སུ་རཱུ་པེ། སུ་རཱུ་པ་བི་མ་ལེ། བི་མ་ལེ། ཙ་ལེ། ཨ་རྩ་ན་སྟེ། ཨ་ཏ་ན་སྟེ། བི་ཏ་ན་སྟེ། བི་ཤྭ་ཀེ་ཤི། བི་ཤྭ་ནི་ཤི། ཨཾ་ཀུ་རེ། མཾ་ཀུ་རེ། པྲ་བཾ་ཀུ་རེ། བི་ར་མེ། བི་དྷ་མེ། རི་རི་མེ། དི་དི་མེ། དུ་དུ་མེ། ཁ་ཁ་མེ། ཏ་ཏ་རེ། ཏ་ར་ཏ་ར། ཏཱ་ར་ཏཱ་ར། བཛྲེ་བཛྲེ་བཛྲོ་པ་མེ། ཊ་ཀེ་ཊ་ཀེ། ཋ་ཀེ་ཋ་ཀེ། ཨུཀྐེ་བུཀྐེ། ཐ་ཀེ་ཐ་ར་ཀེ། ཨ་བརྟ་ནི། བ་ར་ཤ་ནི། ཥ་ད་ནི་བཛྲ་དྷ་ར་སཱ་ག་ར་ནིརྒྷོ་ཥཱན། ཏ་ཐཱ་ག་ཏ་མ་ནུ་སྨ་ར། སྨ་ར་སྨ་ར། སརྦ་ཏ་ཐཱ་ག་ཏ་ས་ཏྱ་མ་ནུ་སྨ་ར། དྷརྨ་སཏྱ་མ་ནུ་སྨ་ར། སཾ་གྷ་ས་ཏྱ་མ་ནུ་སྨ་ར། ད་ཏ་ད་ཏ། པཱུ་ར་པཱུ་ར། པཱུ་ར་ཡ་པཱུ་ར་ཡ། པཱུ་ར་ཎི། བྷ་ར་བྷ་ར་ཎི། ཨ་མ་ལེ། སུ་མཾ་ག་ལེ། ཤཱནྟ་མ་ཏི། ཤུ་བྷ་མ་ཏི། མཾ་ག་ལ་བྷ་ནི། མ་ཧཱ་མ་ཏི། བྷ་དྲ་བ་ཏི། པྲ་བྷཱ་བ་ཏི། སུ་ཙནྡྲ་མ་ཏི། ཨཱ་གཙྪ། ཨཱ་གཙྪ། ས་མ་ཡ་མ་ནུ་སྨ་ར་སྭཱཧཱ། ཨཱ་བ་ར་ཎི་མ་ནུ་སྨ་ར་སྭཱཧཱ། པྲ་བྷ་བ་མ་ནུ་སྨ་ར་སྭཱཧཱ། དཱི་དི་མ་ནུ་སྨ་ར་སྭཱཧཱ། ཏེ་ཛོ་མ་ནུ་སྨ་ར་སྭཱཧཱ། བི་ཛ་ཡ་མ་ནུ་སྨ་ར་སྭཱཧཱ། ཧྲྀ་ད་ཡ་མ་ནུ་སྨ་ར་སྭཱཧཱ། སརྦ་སཏྭ་བི་ན་ཡ་མ་ནུ་སྨ་ར་སྭཱཧཱ།

ཨོཾ་བཱ་སུ་དྷཱ་རེ་སྭཱཧཱ། ཨོཾ་བཱ་སུ་ཤྲཱི་ཡེ་སྭཱཧཱ། ཨོཾ་ཤྰྲི་བ་སུ་སྭཱཧཱ། ཨོཾ་བ་སུ་སྭཱཧཱ།

 

རིགས་ཀྱི་བུ། འདི་ནི་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས་ཏེ། གཟུངས་སྔགས་འདིའི་མཐུས་མུ་གེ་དང༌། ནད་དང༌། འཆི་ངས་འབྱུང་བར་མི་འགྱུར་རོ། །

རིགས་ཀྱི་བུ། སུ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་གྱི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ནུབ་གཅིག་བཏོན་ན། དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །

རྒྱས་པའི་དོན་དུ་བདག་གི་ཁྱིམ་མམ། གཞན་གྱི་ཁྱིམ་མམ། གནས་གཙང་མའི་བང་མཛོད་དམ། གནས་གང་ཡང་རུང་བར་དེ་བཞིན་གཤེགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། གསང་སྔགས་ཀྱི་ལྷའི་ཕྱིར་ཙནྡན་གྱིས་དཀྱིལ་འཁོར་གྲུ་བཞིར་བྱས་ཏེ། ནུབ་གཅིག་བཏོན་ན། རིགས་ཀྱི་བུ། དེའི་ཁྱིམ་ནོར་དང༌། འབྲུ་དང༌། གསེར་དང༌། དངུལ་དང༌། ཡོ་བྱད་ཐམས་ཅད་ཀྱི་རྒྱུན་མི་ཆེན་པོའི་ཚད་ཙམ་གྱིས་གང་བར་འགྱུར་རོ། །འཇིགས་པ་དང་གནོད་པ་ཐམས་ཅད་ཀྱང་མེད་པར་འགྱུར་རོ། །

རིགས་ཀྱི་བུ། དེའི་ཕྱིར་ཁྱོད་རབ་ཏུ་བསྒྲིམས་ལ་ནོར་གྱི་རྒྱུན་གྱི་གཟུངས་འདི་ཟུངས་ཤིག །ཆོངས་ཤིག །ལྷོགས་ཤིག །སྟོན་ཅིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག་དང༌། དེས་ཁྱོད་ཀྱི་ཡུན་རིང་པོའི་དོན་དང༌། ཕན་པ་དང༌། བདེ་བར་འགྱུར་རོ། །

བཅོམ་ལྡན་འདས། ལེགས་སོ་ཞེས་གསོལ་ཏེ།

ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལས་ནོར་གྱི་རྒྱུན་གྱི་གཟུངས་འདི་ཐོས་ནས་ཚིམ་ཞིང་དགའ་ལ་མགུ་ཞིང་ཡིད་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང༌། ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས། བདག་གིས་ནོར་གྱི་རྒྱུན་ཅེས་བགྱི་བ་བླངས་ལགས། གཟུངས་སུ་ཟིན་ལགས། བཟུང་ལགས། བཀླགས་ལགས། ཀུན་ཆུབ་པར་བགྱིས་ལགས། རྗེས་སུ་ཡི་རང་བར་བགྱིས་ལགས་སོ། །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིས་ལགས་སོ། །

དེའི་སྐད་ཅིག་ཙམ་ལ་ཁྱིམ་བདག་ཟླ་བ་བཟང་པོའི་བང་མཛོད་རྣམས་ཡོངས་སུ་གང་བར་གྱུར་ཏོ། །

དེ་ནས་ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལ་ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ༌། །

 

དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།

ཀུན་དགའ་བོ། ཁྱོད་སོང་ལ་ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་ནོར་དང༌། འབྲུས་ཡོངས་སུ་གང་བ་ཕུན་སུམ་ཚོགས་པ་དང༌། མཛོད་ཆེན་པོ་དང༌། བང་མཛོད་ཡོངས་སུ་གང་བ་རྣམས་ལ་ལྟོས།

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཀཽ་ཤཱམྦཱིའི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང༌། ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ནང་དུ་ཞུགས་པ་དང༌། ནོར་དང༌། འབྲུས་ཡོངས་སུ་གང་བ་ཕུན་སུམ་ཚོགས་པ་དང༌། རིན་པོ་ཆེ་ཕུན་སུམ་ཚོགས་པ་དང༌། ཡོ་བྱད་ཐམས་ཅད་ཀྱི་མཛོད་པ་ཆེན་པོ་དང༌། བང་མཛོད་རྣམས་ཀྱང་ཡོངས་སུ་གང་བར་མཐོང་ངོ༌། །མཐོང་ནས་ཀྱང་ཚིམ་ཞིང་དགའ་ལ་མགུ་ཞིང་ཡིད་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང༌། ཡིད་བདེ་བ་སྐྱེས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ༌། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡ་མཚན་དུ་འཛིན་ཅིང་དགའ་བ་དང༌། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས། གང་གིས་ཁྱིམ་བདག་ཟླ་བ་བཟང་པོ་ནོར་མང་ཞིང་མཛོད་ཆེན་པོ་དང༌། བང་མཛོད་རྣམས་ཀྱང་ནོར་དང༌། འབྲུ་ཕུན་སུམ་ཚོགས་པའི་རྒྱུ་གང་ལགས། རྐྱེན་གང་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཀུན་དགའ་བོ། རིགས་ཀྱི་བུ་ཁྱིམ་བདག་ཟླ་བ་བཟང་པོ་དད་ཅིང་མཆོག་ཏུ་དད་ཅིང་དགེ་བའི་བསམ་པ་ཅན་དེས་ནོར་གྱི་རྒྱུན་གྱི་གཟུངས་འདི་བཟུང་ཞིང་རབ་ཏུ་བཏོན་ཏེ། བླངས་ཤིང། བཀླགས། ཀུན་ཆུབ་པར་བྱས། རྗེས་སུ་ཡི་རང་བར་བྱས་ཤིང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར་རོ། །

ཀུན་དགའ་བོ། དེའི་ཕྱིར་ཁྱོད་ཀྱིས་ཀྱང་ནོར་གྱི་རྒྱུན་གྱི་གཟུང་འདི་ལོངས་ཤིག །ཆོངས་ཤིག །ལྷོགས་ཤིག །སྟོན་ཅིག །ཟུངས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག་དང༌། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བ་དང༌། སྐྱེ་བོ་ཕལ་པོ་ཆེ་དང༌། ལྷ་དང༌། མི་རྣམས་ཀྱི་དོན་དང༌། ཕན་པ་དང༌། བདེ་བར་འགྱུར་རོ། །

ཀུན་དགའ་བོ། སུ་ཞིག་རིག་སྔགས་འདི་ལས་གཞན་དུ་སྨྲ་བ་ནི། ལྷ་དང་བཅས་པ་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང༌། ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ངས་མ་མཐོང་ངོ༌། །ལན་གཉིས་སུ་བཏོན་ཏམ། ལན་གསུམ་དུ་བཏོན་ཀྱང་འགལ་བར་བྱེད་པ་དེ་ནི། གནས་མེད་དོ། །

ཀུན་དགའ་བོ། གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ནི་མི་ཕྱེད་པ་ཡིན་ནོ། །

ཀུན་དགའ་བོ། འདི་དག་ནི་སེམས་ཅན་དགེ་བའི་རྩ་བ་ཟད་པ་རྣམས་ཀྱི་རྣ་ལམ་དུ་གྲགས་པར་མི་འགྱུར་ན། གླེགས་བམ་ལ་ཡི་གེར་འབྲི་བ་དང༌། ཡིད་ལ་གཟུང་བ་ལྟ་ཅི་སྨོས།

དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་སྩལ་ཏེ། གཟུངས་སྔགས་འདི་ནི་སེམས་ཅན་དབུལ་པོ་དང༌། ནད་སྣ་ཚོགས་ཀྱིས་གཟིར་བ་དང༌། འཇིགས་པ་དང༌། སེམས་ཅན་སྡང་བས་གནོད་པར་བྱས་པ་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་དང༌། བཤད་པ་དང༌། རྗེས་སུ་ཡི་རང་བ་དང༌། རབ་ཏུ་ཕྱེ་བ་དང༌། བསྔགས་པ་དང༌། བཀྲོལ་བ་དང༌། གསལ་བར་མཛད་པ་དང༌། བསྐྱེད་པ་དང༌། བྱིན་གྱིས་བརླབས་པ་དང༌། ཆོས་ཀྱི་ཕྱག་རྒྱས་བཏབ་པ་དང༌། བསྟོད་པ་དང༌། སྙན་པར་བརྗོད་པ་དང༌། གོ་བར་མཛད་པ་དང༌། བསྙད་པའི་ཕྱིར་རོ། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་དེའི་ཚེ་ཐལ་མོ་སྦྱར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅིང་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །

སངས་རྒྱས་བཅོམ་ལྡན་བསམ་གྱིས་མི་ཁྱབ་སྟེ། །

སངས་རྒྱས་ཆོས་ཀྱང་བསམ་གྱིས་མི་ཁྱབ་ལགས། །

བསམ་གྱིས་མི་ཁྱབ་པ་ལ་དད་རྣམས་ཀྱི། །

རྣམ་པར་སྨིན་པའང་བསམ་གྱིས་མི་ཁྱབ་ལགས། །

ཞི་བ་ཅི་ཡང་མཁྱེན་པ་ཐམས་ཅད་མཁྱེན། །

ཆོས་ཀྱི་རྒྱལ་པོ་རྒ་ཤི་མི་མངའ་བ། །

ཡེ་ཤེས་ཕ་རོལ་བགྲོད་པར་བྱོན་གྱུར་པ། །

སངས་རྒྱས་དཔའ་པོ་ཁྱོད་ལ་ཕྱག་འཚལ་ལོ། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚིམ་ཞིང་དགའ་ལ་མགུ་ཞིང་ཡིད་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང༌། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཀུན་དགའ་བོ། འདི་ནི་ཁྱིམ་བདག་ཟླ་བ་བཟང་པོས་ཞུས་པ་ཞེས་བྱ་བར་ཟུངས་ཤིག །ནོར་དང༌། འབྲུ་དང༌། རིན་པོ་ཆེ་ཐམས་ཅད་ཀྱི་གཏེར་ཞེས་བྱ་བར་ཡང་ཟུངས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པ་ནོར་གྱི་རྒྱུན་གྱི་གཟུངས་ཞེས་བྱ་བར་ཡང་ཟུངས་ཤིག །

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས་རྫོགས་སོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept