Chimé Palter—Tibetan

Practices › Longevity | Literary Genres › Termas | Practices › Empowerment | Collections & Cycles › Compendium of Sādhanas | Collections & Cycles › Rinchen Terdzö | བོད་ཀྱི་བླ་མ།ཆོས་རྗེ་གླིང་པ། | བོད་ཀྱི་བླ་མ།ཐང་སྟོང་རྒྱལ་པོ།

English | Español | བོད་ཡིག

ཆོས་རྗེ་གླིང་པ།

ཐང་སྟོང་རྒྱལ་པོ།

Further information:
Download this text:

༄༅། །བཀའ་གཏེར་དག་སྣང་ཟུང་འཇུག་གི་ཚེ་སྒྲུབ་ཚེ་དབང་དང་བཅས་པ་ཉེ་བརྒྱུད་འཆི་མེད་དཔལ་སྟེར་གསར་པ་བཞུགས་སོ། །

 

ན་མོ་གུ་རུ་ཨ་མི་དེ་ཝ་ཨཱ་ཡུརྫྙཱ་ན་སིདྡྷི་ཧྲཱིཿ

 

སྣང་བ་མཐའ་ཡས་གུ་རུ་པདྨ་འབྱུང་། །
དབྱེར་མེད་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ། །
སྙིང་དབུས་གཞོན་ནུ་བུམ་སྐུར་རྟག་བཞུགས་ཏེ། །
མི་ཤིགས་ཚེ་ཡི་ཀ་བ་ཉེར་ཚུགས་མཛོད། །

 

དེ་ལ་འདིར་འཕགས་པ་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ་ལས། དེ་བཞིན་ཉིད་དུ་རིགས་བདག་ལ་བརྟེན་ནས་ཚེ་སྒྲུབ་པ་དང་། དེ་དང་རྗེས་སུ་འབྲེལ་བར་དག་པའི་སྣང་བར་གྲུབ་པའི་དབང་ཕྱུག་ཆོས་རྗེ་ལྕགས་ཟམ་པ་ཆེན་པོས་བསྩལ་པའི་ཚེ་སྒྲུབ་གཉིས་ཟུང་འབྲེལ་དུ་ཉམས་སུ་བླང་བའི་རིམ་པ་འདི་ལ་གསུམ། བཤམ་བཀོད་དང་འབྲེལ་བར་བསྙེན་སྒྲུབ་བྱ་ཚུལ། དེའི་སྟེང་ནས་སློབ་མ་ལ་ཚེའི་བྱིན་རླབས་བྱ་བ། རྒྱུན་ཁྱེར་གཏེར་གཞུང་སོར་བཞག་དང་བཅས་པའོ། །

དང་པོ་ནི།

གཙང་མའི་སྟེགས་བུ་ཁེབས་ཀྱིས་བཀབ་པར་མེ་ཏོག་གི་ཚོམ་བུ་ལྔ་ཚོམས་སམ། པདྨ་འདབ་བརྒྱད་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་ཚེ་གཏོར་བུམ་གཟུགས་དཔག་བསམ་གྱི་ཤིང་ལོ་དང་ཁ་རྒྱན་རྟ་མགོས་མཚན་པ། མཐའ་ཚེའི་རིལ་བུས་བསྐོར་བ། ཐོད་པ་མཚན་ལྡན་གྱི་ནང་དུ་ཚེ་ཆང་འབྲུ་བཅུད་མངར་གསུམ་དམ་རྫས་དང་སྦྱར་བ། མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་རྣམས་ཐད་མཆོད་དམ་སྒོར་མཆོད་དུ་བསྐོར། རང་གི་མདུན་དུ་རྡོར་དྲིལ། མེ་ཏོག་གི་སྣོད། སློབ་མ་ལ་བྱིན་རླབས་བྱེད་ན་ཁྲུས་བུམ་ཡང་བཤམ། སྔོན་འགྲོ་གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་བྱ།

ཨོཾ་ཨཱཿཧཱུྂ།

ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

གང་དག་འདིར་གནས་ལྷ་དང་ཀླུ། །

གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །

དཀྱིལ་འཁོར་དོན་དུ་གཏོར་མ་འདི། །

འབུལ་གྱིས་ཡང་དག་བཞེས་ནས་ཀྱང་། །

རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །

ནད་མེད་ཚེ་དང་དབང་ཕྱུག་དང་། །

དཔལ་དང་གྲགས་དང་སྐལ་བ་བཟང༌། །

ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །

ཞི་དང་རྒྱས་ལ་སོགས་པ་ཡི། །

ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །

དམ་ཚིག་ཅན་གྱིས་བདག་ལ་སྲུངས། །

དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །

དུས་མིན་འཆི་དང་ནད་རྣམས་དང༌། །

གདོན་དང་བགེགས་རྣམས་མེད་པར་མཛོད། །

རྨི་ལམ་ངན་དང་མཚན་མ་ངན། །

བྱ་བྱེད་ངན་པ་མེད་པར་མཛོད། །

འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །

འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །

དགེ་ལེགས་ཕུན་སུམ་ཚོགས་པའི་གནས། །

ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །

གཏོར་མ་ཕྱི་རོལ་དུ་དོར།

ཧཱུྃ་བཞིའི་སྔགས་ལན་གསུམ་བརྗོད་པས་བགེགས་བསྐྲད།

ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུྃ། གྲྀ་ཧྣ་གྲྀ་ཧྣ་ཧཱུྃ། གྲྀ་ཧྣ་པཱ་ཡཿགྲྀ་ཧྣ་པཱ་ཡཿཧཱུྃ། ཨཱ་ན་ཡ་ཧོ། བྷ་ཀ་ཝན་བིདྱ་རཱ་ཛ་ཀྲོ་དྷ་ཧཱུྃ་ཕཊ྄།

སྟེང་འོག་བར་མཚམས་མེད་པར་རྡོ་རྗེའི་རྭ་བ་དང་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་འཁོར་དུ་གྱུར།

བཛྲ་རཀྵ་ཧཱུྃ།

མཆོད་པ་རྣམས།

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ

ཞེས་བསང་།

ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ།

ཞེས་སྦྱང་།

སྟོང་པའི་ངང་ལས་པདྨའི་སྣོད་དུ་ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི་ཡོན་ཆབ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དག་ཅིང་གཙང་ལྡན་དྲི་མ་མེད་པ་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཡེ་ཤེས་ཀྱི་རོལ་པར་འཆར་བར་གྱུར།

ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་བིིདྱཱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ།

ཅེས་པས་བྱིན་གྱིས་བརླབས་ནས་ནམ་མཁའ་གང་བའི་ཚོགས་ཞིང་རྣམས་ལ།

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །

སྡིག་པ་མི་དགེ་སོ་སོར་བཤགས། །

འགྲོ་བའི་དགེ་ལ་རྗེས་ཡི་རང་། །

སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །

སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །

བྱང་ཆུབ་བར་དུ་སྐྱབས་སུ་མཆི། །

རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །

བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །

བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །

སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །

བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ཅེས་སྔགས་ཀྱི་ཡན་ལག་བདུན་པ་བྱ།

བདག་བསྐྱེད་བསྙེན་པ་ནི།

གཏེར་བྱོན།

ཧཱུྃ༔ ཆོས་སྐུ་མཚན་མ་ཀུན་སྤངས་མཉམ་ཉིད་ལས༔

མ་འགགས་ཆོ་རོལ་ལོངས་སྐུ་སྤྱན་རས་གཟིགས༔

རབ་དཀར་ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགས༔

རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔

འོག་མ་གཡས་གཡོན་ཤེལ་ཕྲེང་པད་དཀར་བསྣམས༔

མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས་པའི་སྐུ༔

སྣང་ལ་རང་བཞིན་མ་གྲུབ་ལྷམ་མེ་བ༔

མཉམ་ཉིད་ཐུགས་རྗེའི་ཟློས་གར་སྤྱི་གཙུག་ཏུ༔

མཐའ་ཡས་རིགས་བརྒྱའི་ཁྱབ་བདག་འོད་དཔག་མེད༔

དམར་གསལ་ཞི་འཛུམ་འཇའ་ཚོན་འོད་ཀོར་འཁྱིལ༔

ཕྱག་གཉིས་མཉམ་གཞག་སྟེང་དུ་ཚེ་བུམ་ནི༔

བདུད་རྩི་སྨན་བཅུད་འབྱུང་ལྔའི་དྭངས་མས་གང་༔

མཚན་དཔེའི་ཆ་རྫོགས་ལེ་བརྒན་ཆོས་གོས་གསོལ༔

རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔

ཐུགས་ཀར་ཟླ་སྟེང་དབུས་སུ་ཧྲཱིཿདམར་པོ༔

མཐའ་སྐོར་ཨ་མཱ་ར་ཎིའི་སྔགས་ཀྱིས་བསྐོར༔

འོད་འཕྲོས་ཕྱི་རོལ་འབྱུང་བ་ལྔ་ཡི་བཅུད༔

སྐྱེ་འགྲོའི་ཚེ་བསོད་འཕགས་པའི་ཐུགས་རྗེ་དང་༔

བདག་གི་བླ་ཚེ་ཆད་ཡར་ཐོར་པ་སོགས༔

ཚེ་དཔལ་ཀུན་འདུས་ཕྱག་གི་བུམ་པར་འཁྱིལ༔

དེ་ལས་ལུད་པས་བདག་གི་ཚངས་བུག་ཞུགས༔

ལུས་ཀུན་གང་བས་བདེ་བ་ཆེན་པོར་གྱུར༔

ཅེས་པའི་དམིགས་པ་དང་བཅས་ཏེ།

ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔

ཅི་མང་བཟླ།

མི་འགྱུར་མི་ཤིགས་རྡོ་རྗེའི་ཚེ་དབང་ཐོབ༔

སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཚེ་སྦ་འོ༔

སྲིད་ཞིའི་དྭངས་བཅུད་ཐམས་ཅད་ཐུགས་སྲོག་ཧྲཱིཿལ་བསྡུས་པའི་མཐར་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པར་འཇོག་པ་ནི་རྫོགས་རིམ་ཚེ་སྦའོ། །

སླར་ཡང་གཉུག་མའི་ལྷར་ལྡང་ལ།

མདུན་བསྐྱེད་སྒྲུབ་པ་ནི།

མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སྐུ་མདོག་སྨུག་ནག་གཟི་བརྗིད་འབར་བ། དབུ་སྐྲ་དང་སྨིན་མ་སྨ་ར་ཨག་ཚོམ་རྣམས་སེ་ཁྱུག་གེ་བ། ལོ་བརྒྱ་ལོན་པའི་ངང་ཚུལ་ཅན།

ཕྱག་གཉིས་མཉམ་གཞག་གི་སྟེང་ན་དབང་གཏོར་དང་གཉིས་སུ་མེད་པའི་ཚེའི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་དང་བཅས་པ་བར་ཆད་བསྲུང་ཕྱིར་རྟ་མགོས་མཚན་པ་བསྣམས་པ།

རས་དཀར་གྱི་ན་བཟའ་དྲི་མ་མེད་པ་གསོལ་བ། རི་དྭགས་ཀྱི་པགས་པའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དབུ་གཙུག་ཏུ་སྣང་བ་མཐའ་ཡས་དམར་གསལ་སྤྲུལ་སྐུའི་ཆ་ལུགས་མཉམ་གཞག་ཚེ་བུམ་འཛིན་པ། མགྲིན་པར་རྟ་མགྲིན་དམར་གསལ་གཡས་པདྨས་མཚན་པའི་དབྱུག་ཏོ་འཕྱར་ཞིང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞེངས་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ།

ཐུགས་ཀར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་རྡོ་རྗེ་དང་ཐོད་པ་འཛིན་པ། ཕོད་ཀ་ཆོས་གོས་ཟ་འོག་གི་བེར་དང་སྙན་ཞུ་གསོལ་བ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ།

ཕྱི་སྐོར་དུ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཚེ་ལ་དབང་བའི་རིག་འཛིན་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པར་གྱུར་པར་མོས་ལ།

ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །

ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །

རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །

པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །

ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་མེད། །

གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །

བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །

ཅེས་པའི་གསོལ་འདེབས་ཚར་གསུམ་སོགས་ཅི་མང་དང་།

ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་གུ་རུ་པདྨ་ཀྲོ་དྷ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧྲཱིཿཧྲཱིཿཧྲཱིཿ

ཞེས་བཟླས་པ་ཙམ་གྱིས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་རང་གི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་། འབྱུང་བཞིའི་བཅུད། སྐྱེ་འགྲོའི་ཚེ་བསོད། འཕགས་པའི་ཐུགས་རྗེ་ཐམས་ཅད་བུང་བས་མེ་ཏོག་གི་བཅུད་ལེན་པ་ལྟར་བསྡུས་ཏེ། གྲུབ་ཐོབ་ཆེན་པོའི་ཕྱག་གི་བུམ་པར་ཞུགས།

བདུད་རྩི་མ་ཤོང་བའི་ཚུལ་གྱིས་ཁ་ནས་ལྷུད་ཀྱིས་ལུད་པ་ཚེ་རྫས་རྣམས་ལ་ཐིམ་ཞིང་། བདག་གི་སྤྱི་བོའི་ཚངས་བུག་ནས་ཀྱང་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་པར་མོས་ལ་བཟླས་པ་ཅི་མང་བྱ།

མཐར།

ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཱཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ།

ཅེས་པས་མཆོད།

འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །

དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །

མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །

སྐུ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །

ཅེས་པས་བསྟོད།

འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །

རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །

སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །

དེ་དག་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །

ཞེས་གསོལ་བ་གདབ་པར་བྱའོ། །

གཉིས་པ་སློབ་མ་ལ་བྱིན་རླབས་བྱ་བ་ནི།

སློབ་མ་ཁྲུས་བྱ། མཎྜལ་མེ་ཏོག་དང་བཅས་པ་ཕུལ། སློབ་དཔོན་གྱིས།

འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་མེད་ཚེ་དཔག་མེད་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པ་མཛད་དེ་གསན་འཚལ།

དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པ་ནི། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཉིད་ཡིན་ཞིང་། དེ་ནས་བརྒྱུད་པའི་ཚེ་སྒྲུབ་འཆི་མེད་དཔལ་སྟེར་དུ་གྲགས་པ་འདི་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་སུ་ཡོད་པ་ལས།

དང་པོ་རིང་བརྒྱུད་ནི། གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ནས་བསྟན་འཛིན་ཉི་མ་བཟང་པོ་སོགས་ལས་བརྒྱུད་དེ་རྩ་བའི་བླ་མའི་བར་དུ་བྱོན་པ་དང་།

གཉིས་པ་ཉེ་བརྒྱུད་ནི། འཕགས་པ་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ་ལས་དེ་བཞིན་ཉིད་དུ་རིགས་བདག་ལ་བསྟེན་ནས་ཚེ་སྒྲུབ་པ་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པའི་གཏེར་བྱོན་དང་། དག་སྣང་དུ་གྲུབ་པའི་དབང་ཕྱུག་ཆེན་པོས་བསྩལ་པའི་ཚེ་སྒྲུབ་ཉེ་བརྒྱུད་དེ།

དེ་ལྟ་བུའི་བཀའ་གཏེར་དག་སྣང་ཟུང་འཇུག་གི་སྒོ་ནས་འཆི་མེད་ཚེའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན་པས། དེ་ལ་དང་པོར་སློབ་དཔོན་ལ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད།

ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །

སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །

དེ་རིང་བཤད་པའི་རིན་ཆེན་གཏེར། །

གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །

ལན་གསུམ།

མདུན་གྱི་ནམ་མཁར་ཚོགས་ཞིང་རྣམས་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་རྒྱུན་བཤགས་ཀྱང་འདིའི་རྗེས་ཟློས་མཛོད།

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །

སྡིག་པ་མི་དགེ་སོ་སོར་བཤགས། །

འགྲོ་བའི་དགེ་ལ་རྗེས་ཡི་རང་། །

སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །

སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །

བྱང་ཆུབ་བར་དུ་སྐྱབས་སུ་མཆི། །

རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །

བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །

བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །

སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །

བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ཅེས་ལན་གསུམ།

དེ་ནས་དངོས་གཞི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་དཀྱིལ་འཁོར་དབུས་སུ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་སོགས་ནས། སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པའི་སྤྱན་སྔར་འཆི་མེད་ཚེའི་དངོས་གྲུབ་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད།

ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །

ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །

རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །

པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །

ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་མེད། །

གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །

བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །

ཅེས་པའི་གསོལ་འདེབས་ལན་གསུམ་བྱ།

དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། རང་རང་གི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་། འབྱུང་བ་བཞིའི་བཅུད། སྐྱེ་འགྲོའི་ཚེ་བསོད། འཕགས་པའི་ཐུགས་རྗེ་ཐམས་ཅད་བུང་བས་མེ་ཏོག་གི་བཅུད་ལེན་པ་ལྟར་བསྡུས་ཏེ། གྲུབ་ཐོབ་ཆེན་པོའི་ཕྱག་གི་བུམ་པར་ཞུགས།

བདུད་རྩི་མ་ཤོང་བའི་ཚུལ་གྱིས་ཁ་ནས་ལྷུད་ཀྱིས་ལུད་པ་སློབ་མའི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད།

ཚེ་བུམ་སློབ་མའི་སྤྱི་བོར་བཞག་ལ།

ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །

ཞེས་སོགས་གསོལ་འདེབས་ཀྱི་མཐར།

ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་གུ་རུ་པདྨ་ཀྲོ་དྷ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧྲཱིཿཧྲཱིཿཧྲཱིཿ

ཞེས་པའི་བར་བརྗོད། ཚེ་རིལ་དང་ཚེ་ཆང་ཡང་སྦྱིན། ཚར་གྲངས་ལྟ་བུ་གསོག་ཚེ།

ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །

ཞེས་པའི་ཚིགས་བཅད་དང་སྔགས་བརྗོད་ཅིང་ཚེ་བུམ་གྱིས་དབང་བསྐུར། ཚེ་རིལ་དང་ཚེ་ཆང་སྦྱིན། དེ་ཀ་བརྒྱ་རྩ་དང་སྟོང་རྩ་སོགས་བསགས་པས་འཐུས།

མཐར་མེ་ཏོག་འཐོར་བ་དང་།

འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །

རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །

སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །

དེ་དག་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །

དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །

སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །

ཇ་བཟང་བཞེས་སྤྲོ་རྒྱུན་མི་འཆད། །

སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །

ཅེས་པའི་བཀྲ་ཤིས་བརྗོད། དམ་ཚིག་ཁས་བླང་། གཏང་རག་གི་ཡོན་དུ་མཎྜལ་སོགས་སྤྱི་ལྟར་བྱ།

མདུན་བསྐྱེད་ཀྱི་ལྷ་ལ་ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཱཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ།

ཅེས་པས་མཆོད།

འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །

དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །

མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །

སྐུ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །

ཅེས་པས་བསྟོད།

ཡི་གེ་བརྒྱ་པས་ལྷག་ཆད་བསྐང་།

ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ། ཀུ་རུ་ཧཱུྂ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

མ་འབྱོར་པ་དང་ཉམས་པ་དང་། །

གང་ཡང་བདག་རྨོངས་བློ་ཡིས་ནི། །

བགྱིས་པ་དང་ནི་བགྱིད་བསྩལ་བ། །

དེ་ཀུན་མགོན་པོས་བཟོད་པར་གསོལ། །

ཡིག་བརྒྱས་ནོངས་པ་བཤགས། །

ཅེས་པས་ནོངས་པ་བཟོད་པར་གསོལ།

ཡེ་ཤེས་པ་རྣམས་རྟེན་ཡོད་ན་བསྟིམ། མེད་ན་གཤེགས་སུ་གསོལ་ཞིང་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་བྱའོ། །

གསུམ་པ་རྒྱུན་ཁྱེར་ནི།

བཅས་བཤམ་སོགས་མེད་པས་གོང་གི་བདག་བསྐྱེད།

ཧཱུྃ༔ ཆོས་སྐུ་མཚན་མ་ཀུན་སྤངས་མཉམ་ཉིད་ལས༔

ཞེས་སོགས་ནས།

སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཚེ་སྦ་འོ༔

ཞེས་པའི་བར་གྱི་གཏེར་གཞུང་བཅོས་མེད་ཉམས་སུ་ལེན་པ་འོ། །

ཚུལ་འདི་པདྨ་འབྱུང་དང་ལྕགས་ཟམ་པའི། །
ཐུགས་རྗེའི་ཉི་མས་བློ་གྲོས་པད་དཀར་ཚལ། །
ལེགས་པར་ཕྱེས་ལས་མཆོག་ཐུན་དངོས་གྲུབ་ཀྱི། །
ལེགས་བཤད་སྦྲང་རྩི་གསར་པ་འདི་བྱས་སོ། །

དེ་སྐད་སྨྲ་བའང་ཆོས་རྗེ་གླིང་པའི་སྡེས། །
འབྲེལ་མེད་རང་བཟོའི་སྒྲོ་བཏགས་མ་བྱས་ཏེ། །
བཀའ་གཏེར་ཟུང་འཇུག་ལྷན་ཐབས་ཕྲེང་བར་བསྡེབས། །
ཐོག་མའི་རྩོམ་ཡིག་ཀུན་བཟང་ལྷུན་གྲུབ་བོ། །

སརྦ་དཱ་མངྒ་ལཾ།། །།

 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept