བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བཀྲ་ཤིས་ལྷ་མོ་ལ་གདམས་པ།

English | བོད་ཡིག

༄༅། །བཀྲ་ཤིས་ལྷ་མོ་ལ་གདམས་པ།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།། དད་ལྡན་བཀྲ་ལྷས་བྱང་ཆུབ་ཐོབ་འདོད་ན། །དལ་འབྱོར་མི་ལུས་ཐོབ་པར་དཀའ་ལ་བསམ། །མི་ཚེ་རིང་ཡང་མདང་གི་རྨི་ལམ་བཞིན། །དགུ་བཅུ་ལོན་ཡང་ད་དུང་འདུག་ཆས་བྱེད། །མི་རྟག་འཆི་བརྒྱུད་ལམ་དྲན་ན། །ཆོས་བྱེད་ཟེར་ཡང་ཁ་ཏ་རྐྱང་པ་ཡིན། །རི་ཁྲོད་འགྲིམས་དང་བུ་བཏང་བྱེད་པ་སོགས། །དེང་སང་ལག་ཏུ་ལོན་མཁན་སུ་ཡང་མེད། །བསམ་པ་བཟང་ཞིང་མ་ཎི་དུང་ཐོན་ན། །ཁྱིམ་པ་ཡིན་ཡང་སངསརྒྱུས་ཐོབ་པ་སླ། །སྤྱིར་ནི་ཆོས་དང་འཕྲད་པ་ཤིན་ཏུ་བཀལ། །ཡང་སྒོས་གསང་སྔགས་སྟོན་པའི་སློབ་དཔོན་ལ། །མཇལ་བ་འདི་ནི་མི་སྲིད་སྲིད་པ་ཡིན། །འདི་དུས་གསང་སྔགས་དོན་གྱི་ཉམས་ལེན་ནི། །སྣ་གཅིག་ཉམས་སུ་མ་ལོན་ཐབས་མེད་དོ། །རྣམ་རྟོག་ཐམས་ཅད་ཆོས་སྐུར་ཤེས་པ་ན། །ཕྱུག་རྫོགས་གཉིས་ཀྱི་མན་ངག་མཐར་ཐུག་ཡིན། །དེ་ཚེ་དུག་ལྔ་ཐམས་ཅད་རང་སར་གྲོལ། །དེ་ལྟར་རྟོགས་ན་འཁོར་བར་འཁྱམས་མི་སྲིད། །བསམ་པ་སེམས་བསྐྱེདབཟང་པོས་ཟིན་གྱུར་ན། །འཁོར་བའི་བྱ་བ་རྣམས་ཀྱང་ཆོས་སུ་འགྲོ། །ཞལ་གདམས་ཞུས་ཀྱང་ཉམས་ལེན་མ་བྱས་ན། །མཚར་མཚར་སྒྲུང་མཁན་གླུ་ལ་ཉན་པ་འདྲ། །ཞལ་གདམས་གང་ཟབ་བཀའ་འགྱུར་ཡིན་ཡང་། དེང་སང་ཕུག་ཏུ་ཕ་ཟོག་བཞིན་དུ་བརྩེགས། །བཤད་མཁན་མེད་པས་ལན་པ་མ་ཡིན་ཏེ། །དོན་ལ་ཧྲིལ་དྲིལ་ཉན་མཁན་མེད་པས་ལན། །ཆོས་ཀྱི་ཐང་མ་བརྡལ་བས་ཙི་ཞིག་ཕན། །ག་ཤད་སྡོད་ནས་ཆོས་བྱེད་ཟེར་ཡང་རྫུན། །དེ་བས་ཁ་ཞོར་ལག་ཞོར་ཆོས་ལ་འབད། །མ་ཎི་འདོན་ལ་མི་ཁོམ་རྒྱུ་ཡང་མེད། །ཕྲེང་བ་བཟུང་ན་མ་ཎི་འདོན་ལ་ཕན། །ཕྲེན་བ་བརྗེད་ན་མ་ཎི་འདོན་རྒྱུ་བརྗེད། །དུས་རྒྱུན་ཕྲེང་བ་བཟུང་དུ་ཕན་ཡོན་ཡོད། །མ་ཎི་འདོན་པའི་བག་ཆགས་ཡོད་པའི་ཕྱིར། །མ་བསྒོམ་སྟགས་བགྲང་ཅི་ཕན་ཟེར་ན་ཡང་། །སྐབས་སྐབས་སྤྱན་རས་གཟིགས་དབང་དྲན་པས་ཆོག །ཞི་ཁྲོའི་དབང་བསྐུར་ཆ་ཚང་ཐོབ་པ་ན། །ཉི་མ་མར་མེའི་འོད་ཟིམ་བུར་བལྟ། །ཐིག་ལེ་ཤར་ན་རང་གི་རིག་པ་ཡིན། །གཞན་ནས་མ་ཡིན་རང་གི་སྙིང་དབུས་ཡོད། །ངོ་ཤེས་ཙམ་གྱིས་བར་དོར་ངེས་པར་གྲོལ། །ཀུན་བཟང་སྐུ་ཡི་འོད་དུ་ཤེས་པར་གྱིས། །རིམ་པར་སྦྱངས་ན་སྐུ་དང་ཞིང་ཁམས་འཆར། །ཚེ་གཅིག་སངས་རྒྱས་ཐོབ་པའི་མན་ངག་ཡིན། །རང་ལ་སེམས་ཁྲིད་གནང་བའི་བླ་མ་དེས། །རང་གི་བློ་རྒྱུད་ཆོས་ལ་འགྱུར་ཐུབ་ན། །དེ་ནི་རྩ་བའི་བླ་མ་ངོ་མ་ཡིན། །དེ་ལ་མོས་གུས་རྟག་ཏུ་བྱེད་པར་གཅེས། །དམ་ཚིག་ཉམས་ན་ལམ་ནི་ལོག་པར་འགྲོ། །དེ་བས་དམ་ཚིག་དག་ལ་རྟག་ཏུ་གཟབ། །བླ་མས་ཅི་གསུངས་བསྒྲུབ་ན་དམ་ཚིག་གཙང་། །ཉམས་ལེན་མེད་ཀྱང་དམ་ཚིག་གཙང་བས་ཆོག །སངས་རྒྱས་ཀུན་གྱི་ཕོ་ཉ་བླ་མ་ཡིན། །དེ་དང་འབྲེལ་བས་སངས་རྒྱས་ཀུན་དང་འབྲེལ། །བླ་མ་མཉེས་པས་སངས་རྒྱས་ཐམས་ཅདམཉེས། །རྒྱལ་བས་ཐུགསརྗེས་བཟུང་བས་གལ་ཆེའོ། །དེ་མིན་རང་གི་སེམས་ལ་མ་ཕན་ན། །ཁྲི་འཕང་མཐོ་ཡང་རྩ་བའི་བླ་མ་མིན། །སྐུ་དྲིན་ཆེ་ཡང་རྩ་བའི་བླ་མ་མིན། །འདྲིས་པ་ཆེ་ཡང་རྩ་བའི་བླ་མ་མིན། །རྩ་བའི་བླ་མའི་ངོས་འཛིན་ཤེས་པར་གྱིས། །ཀེ་ལ་ནོར་བུ་སྤུན་གསུམ་དུ། །ལྷ་ཁང་བཞེང་པར་འགྲོ་བའི་སྐབས། །བཀྲ་ཤིས་ལྷ་མོས་བསྐུལ་བའི་ངོར། །རྟོགས་ལྡན་མཆོག་གྱུར་ཞིག་པོ་གླིང་། །འཁྲུལ་ཞིག་སྨྱོ་ཞད་ཡོད་པ་དེས། །ཚྭ་ལ་དཔོན་གྱི་ལྷ་ཁང་དུ། །གོ་བདེ་གྲོང་པའི་ཚིགས་སུ་བརྗོད། །ཚུབ་ཚུབ་མ་ཏི་རཏྣས་བྲིས། །འབྲེལ་ཚད་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག།

མཆོག་གྱུར་བདེ་ཆེན་གླིང་པ།

མཆོག་གྱུར་བདེ་ཆེན་གླིང་པ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept