Concise Tukdrup Sang—Tibetan

Practices › Sang Offering | Literary Genres › Termas | Collections & Cycles › Khyentse KababTukdrup Barché Kunsel | Collections & Cycles › Chokling Tersar | བོད་ཀྱི་བླ་མ།མཆོག་གྱུར་བདེ་ཆེན་གླིང་པ།

English | བོད་ཡིག

མཆོག་གྱུར་བདེ་ཆེན་གླིང་པ།

བསང་མཆོད།

Further information:
Download this text:

༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བསང་མཆོད་མདོར་བསྡུས།

 

ཐུན་མོང་རྟེན་འབྲེལ་སྒྲིག་བྱེད་པ༔ ལྷ་རྣམས་མཉེས་པའི་བསང་མཆོད་ནི༔ རྒྱས་པ་གཞན་དུ་ཤེས་པར་བྱ༔ མདོར་བསྡུས་རྒྱུན་གྱི་མཆོད་སྦྱིན་ནི༔ གཙང་མའི་གནས་སུ་སྟེགས་བུའི་ཁར༔ བདུད་རྩི་ཅན་གྱི་ཤིང་སྣའི་མེར༔ རིན་ཆེན་འབྲུ་སྨན་དར་ཟབ་དང་༔ བཟའ་བཏུང་གང་འབྱོར་ཕུད་གྱིས་བྲན༔

ཀྱེ༔ སྐྱེ་མེད་ཀ་དག་སྤྲོས་བྲལ་དབྱིངས༔

འགག་མེད་ལྷུན་གྲུབ་འོད་ལྔར་ཤར༔

རྩོལ་མེད་ཐུགས་རྗེའི་སྒྱུ་འཕྲུལ་ལས༔

སྲིད་ཞི་ཅིར་ཡང་སྣང་བའི་མགྲོན༔

མཆོད་སྦྱིན་གནས་འདིར་སྤྱན་འདྲེན་ན༔

མཁའ་ལ་འཇའ་ཚོན་ཤར་བ་བཞིན༔

སྐད་ཅིག་ཡུད་ཀྱིས་གཤེགས་ནས་ཀྱང་༔

རང་རང་དགྱེས་པའི་གདན་ལ་བཞུགས༔

སརྦ་ས་མ་ཡ་ཛཿཛཿ

 

རྃ་ཡྃ་ཁྃ༔

ཆོས་ཀུན་སྒྱུ་མར་རིག་པའི་གདངས༔

ཡེ་ཤེས་ཆེན་པོའི་མེ་རླུང་ཆུས༔

མི་གཙང་འཁྲུལ་པའི་བག་ཆགས་ཀུན༔

བསྲེགས་གཏོར་བཀྲུས་ནས་སྟོང་པར་སྦྱངས༔

 

སྟོང་པའི་ངང་ལས་ཡུམ་ལྔའི་དབྱིངས༔

ཡོངས་རྫོགས་བསང་གི་མཆོད་སྤྲིན་ལས༔

བླ་ན་མེད་པའི་འདོད་ཡོན་གཏེར༔

ནམ་མཁའ་མཛོད་ཀྱི་སྤྲིན་དུ་གྱུར༔

ཨོཾ་ཨཱཿཧཱུྃ༔

 

རང་བྱུང་སྟོང་གསལ་འོད་ཀྱི་དཀྱིལ་འཁོར་དུ༔

འབར་བ་མེ་ཡི་བདུད་རྩི་ཅན་གྱི་ཤིང་༔

འདོད་ཡོན་མཁོ་རྒུ་བསྲེགས་པའི་དུ་བ་ལས༔

ལྷ་རྫས་ཉེར་སྤྱོད་སྣ་ཚོགས་ཆར་དུ་འབེབས༔

 

གཟུགས་སྒྲ་དྲི་རོ་རེག་བྱ་སྤྲིན་བཞིན་གཏིབས༔

བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔

བཟའ་བཏུང་གོས་རྒྱན་འབྲུ་སྨན་བཞོན་པ་སོགས༔

སྲིད་དང་ཞི་བའི་ལོངས་སྤྱོད་མཐའ་ཡས་པ༔

མི་ཟད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེ༔

ནམ་མཁའི་ཁམས་ཀུན་རྒྱས་པར་གང་བ་འདིས༔

བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔

བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་བསང་༔

 

བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་བདག༔

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་བསང་༔

 

ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔

ཕྱི་ནང་བཀའ་སྲུང་དམ་ཅན་རྒྱ་མཚོ་བསང་༔

 

དབུལ་བའི་གདུང་སེལ་འདོད་རྒུའི་ཆར་ཆེན་འབེབས༔

གནོད་སྦྱིན་ནོར་ལྷ་གཏེར་བདག་བྱེ་བ་བསང་༔

 

ཕན་གནོད་མཐུ་ལྡན་རྫུ་འཕྲུལ་ཤུགས་ཀྱིས་འགྲོ༔

སྟོང་གསུམ་སྲིད་པའི་འབྱུང་པོའི་ཚོགས་རྣམས་བསང་༔

 

ཁྱད་པར་འཛམ་གླིང་བོད་ཁམས་སྐྱོང་བའི་གཉེན༔

དཀར་ཕྱོགས་ལྷ་ཀླུ་གཞི་བདག་འཁོར་བཅས་བསང་༔

 

རྗེ་ཡི་མགུར་ལྷ་འབངས་ཀྱི་སྐྱེས་ལྷ་དང་༔

སྲིད་པ་ཆགས་པའི་ལྷ་རབས་ཐམས་ཅད་བསང་༔

 

བོད་ཡུལ་ཞིང་སྐྱོང་གཙོ་མོ་སྨན་བཙུན་མ༔

མཆེད་ལྔ་སྤྲུལ་པ་ཡང་འཁོར་བཅས་པ་བསང་༔

 

ལོ་ཟླ་ཞག་དུས་སྤར་སྨེའི་བདག་པོ་སོགས༔

གཙུག་ལག་འབྱུང་བའི་ལྷ་རབས་ཐམས་ཅད་བསང་༔

 

ལྷན་ཅིག་སྐྱེས་དང་འཕྲལ་དུ་འགོ་བའི་ལྷ༔

མཐུན་རྐྱེན་སྤེལ་བའི་དགྲ་བླའི་ཚོགས་རྣམས་བསང་༔

 

གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི༔

འགལ་རྐྱེན་བགེགས་རིགས་ལན་ཆགས་ཐམས་ཅད་བསང་༔

 

ཚེ་རབས་སྔོན་ནས་མ་གྱུར་སྙིང་རྗེའི་ཡུལ༔

ཁམས་གསུམ་སྲིད་གསུམ་རིགས་དྲུག་མགྲོན་ཀུན་བསང་༔

 

མདོར་ན་ཕྱི་སྣོད་དག་པ་རབ་འབྱམས་ཞིང་༔

མི་ཟད་འདོད་ཡོན་རྒྱན་གྱི་འཁོར་ལོར་བསང་༔

 

ནང་བཅུད་འགྲོ་ཀུན་རྩ་གསུམ་ཕྱག་རྒྱའི་ལྷ༔

དབྱིངས་དང་ཡེ་ཤེས་དབྱེར་མེད་ཆེན་པོར་བསང་༔

བསང་ངོ་བདུད་རྩི་ཤིང་གི་དུད་པས་བསང་༔

ཉམས་གྲིབ་མི་གཙང་ཐམས་ཅད་དག་གྱུར་ཅིག༔

 

མཆོད་དོ་འདོད་ཡོན་རྒྱ་མཚོའི་སྤྲིན་གྱིས་མཆོད༔

མཆོག་ཐུན་དངོས་གྲུབ་ལས་བཞིའི་ཕྲིན་ལས་བཅོལ༔

དཀོན་མཆོག་སྲིད་ཞུའི་མགྲོན་རྣམས་ཕུད་ཀྱིས་མཆོད༔

བྱིན་རླབས་དབང་བསྐུར་ཐུགས་རྗེའི་གཟི་བྱིན་བསྐྱེད༔

 

མགོན་པོ་ཡོན་ཏན་མགྲོན་རྣམས་ཐུགས་དམ་བསྐང་༔

བར་ཆད་ཀུན་སེལ་མཐུན་རྐྱེན་ལེགས་ཚོགས་སྤེལ༔

བགེགས་རིགས་ལན་ཆགས་མགྲོན་རྣམས་ཡོངས་ལ་བསྔོ༔

མཉེས་ཤིང་ཚིམ་ནས་ཕན་བདེའི་བསམ་སྦྱོར་སྒྲུབས༔

རིགས་དྲུག་སྙིང་རྗེའི་མགྲོན་ཀུན་ཁྱབ་པར་སྦྱིན༔

སྡུག་བསྔལ་ཀུན་བྲལ་བདེ་དང་ལྡན་པར་ཤོག༔

 

བཀྲ་ཤིས་སྐྱིད་ཅིང་དགེ་བའི་གནས་འདི་རུ༔

བདུད་རྩི་བསང་གི་མཆོད་སྦྱིན་བགྱིས་པ་ཡིས༔

འཁོར་འདས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀྱི༔

སྣོད་བཅུད་ཕྱྭ་གཡང་ལེགས་ཚོགས་དབང་དུ་འདུས༔

ཉིན་གསུམ་བཀྲ་ཤིས་ཉི་མའི་འོད་བཞིན་འབར༔

མཚན་གསུམ་བཀྲ་ཤིས་ཟླ་བའི་མདངས་ལྟར་གསལ༔

ཉིན་མཚན་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤིང་༔

ཕུན་ཚོགས་རྟེན་འབྲེལ་དགེ་མཚན་ལྷུན་འགྲུབ་ཤོག༔

 

དེ་ལྟར་རྒྱུན་དང་ཁྱད་པར་དུ༔ ཆོས་དང་འཇིག་རྟེན་བྱ་བ་ནི༔ རྔམ་ཆེན་ལས་ལ་འཇུག་པའི་ཚེ༔ རྟེན་འབྲེལ་བསྒྲིག་ཕྱིར་འདི་བྱས་ན༔ ཉམས་གྲིབ་མི་མཐུན་ཐམས་ཅད་ཞི༔ མཐུན་རྐྱེན་ལེགས་ཚོགས་འབད་མེད་རྒྱས༔ ལོ་ལེགས་ཕྱུགས་འཕེལ་མི་བརྒྱུད་དར༔ ཆོས་བརྒྱུད་རིང་ཞིང་དབུ་འཕང་མཐོ༔ སྣོད་བཅུད་ལེགས་ཚོགས་དབང་དུ་འདུ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་འབྱུང་༔ མཐར་ཐུག་བསོད་ནམས་ཚོགས་རྫོགས་པས༔ མཆོག་གི་ཡེ་ཤེས་རྩོལ་མེད་འཆར༔ དེ་ཕྱིར་གདམས་པ་ཟབ་མོ་འདི༔ ཐུན་མོང་ཀུན་ལ་གཅེས་པར་ཟུངས༔

ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེ་ལེགས་འཕེལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept