བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཟབ་པ་སྐོར་བདུན་ལས༔ རྩ་བ་གསུམ་གྱི་སྒྲུབ་ཐབས༔

English | བོད་ཡིག

༁ྃ༔  ༔ཟབ་པ་སྐོར་བདུན་ལས༔ རྩ་བ་གསུམ་གྱི་སྒྲུབ་ཐབས་བཞུགས་སོ༔

 

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔

 

ཀུན་གྱི་རྩ་བ་ཡང་ཟབ་སྙིང་པོའི་ཆོས༔
བླ་མེད་ཡང་ཟབ་རྩ་གསུམ་དྲིལ་སྒྲུབ་ཏུ༔
ཉམས་སུ་བླང་ཕྱིར་སྔོན་འགྲོའི་ཆོས་རྣམས་བྱ༔
དངོས་གཞི་བསྐྱེད་པའི་རིམ་པ་འདི་ལྟར་བསྒོམ༔

ཧཱུྃ༔ ཆོས་རྣམས་མི་དམིགས་མཐའ་བྲལ་ངང་༔

ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ལས༔

རང་རིག་རྡོ་རྗེ་ཧྲཱིཿབཅས་བསྒོམ༔

རྡོ་རྗེའི་འོད་ལས་གཞལ་ཡས་ཁང་༔

པདྨ་རིན་ཆེན་འབར་བ་སྤེལ༔

རྡོ་རྗེ་ཧྲཱིཿབཅས་ཡོངས་གྱུར་ལས༔

བདག་ཉིད་དབང་ཆེན་རྟ་མགྲིན་ནི༔

ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔

ཕྱག་གཡས་དབང་སྡུད་གྲི་གུག་འཛིན༔

གཡོན་པས་ཐོད་ཁྲག་ཐུགས་ཀར་བསྐྱིལ༔

དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔

 

ཡུམ་མཆོག་རྡོ་རྗེ་ཕག་མོ་ནི༔

དམར་གསལ་གྲི་གུག་ཐོད་ཁྲག་འཛིན༔

ཕྱག་རྒྱ་ལྔ་འཆང་ཡབ་ལ་འཁྲིལ༔

ཡབ་ཡུམ་གཉིས་ཀྱི་དབུ་གཙུག་ཏུ༔

རྟ་སྐད་ཕག་སྐད་ཕྱོགས་བཅུར་སྒྲོགས༔

མེ་དཔུང་འབར་བའི་ཀློང་དུ་བཞུགས༔

དཔའ་བོ་མཁའ་འགྲོ་སྡེ་བཞིས་བསྐོར༔

 

ཐུགས་ཀར་ཞི་བ་ཚེ་དཔག་མེད༔

དམར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔

མཉམ་བཞག་ཕྱག་རྒྱས་ཚེ་བུམ་འཛིན༔

ཡུམ་མཆོག་ཚེ་ཡི་བདག་མོ་ནི༔

དམར་གསལ་ཚེ་ཡི་བུམ་པ་འཛིན༔

ཡབ་ཡུམ་ཞལ་སྦྱོར་ཐུགས་ཀ་རུ༔

སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔

ཉི་ཟླའི་གྭའུ་ཁ་སྦྱོར་དབུས༔

མི་འགྱུར་ཨ་ནྲྀ་ཧཱུྃ་གསུམ་གསལ༔

ཚེ་ཡི་མགྱོགས་མ་ཕོ་ཉར་སྤྲོ༔

 

སྤྱི་གཙུག་པད་སྡོང་གསུམ་བརྩེགས་ནང་༔

དུས་གསུམ་སངས་རྒྱས་པདྨ་འབྱུང་༔

རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔

མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས༔

རྡོ་རྗེ་དྲིལ་བུ་ཡུམ་ལ་འཁྱུད༔

སྤྱན་གསུམ་ཐོར་ཚུགས་ཅོད་པན་ཅན༔

ཐོད་སྐམ་རུས་པའི་དྲྭ་ཕྱེད་མཛེས༔

དར་དང་སྟག་ཤམ་རུས་རྒྱན་ཅན༔

ཞབས་གཉིས་སྐྱིལ་ཀྲུང་བཞུགས་པའི་པང་༔

ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔

བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔

ཚེ་བུམ་ཐོད་ཆང་འཛིན་པས་འཁྱུད༔

འོད་དང་འོད་ཟེར་འབར་བར་བསམ༔

གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཧཱུྃ༔

ཨོཾ་ཨཱཿཧཱུྃ༔

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ

སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔

ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔

གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཛཿ

 

རྩ་བ་གསུམ་གྱི་ལྷ་ཚོགས་ལྷོ་ནུབ་ནས་འོད་དཔུང་ངེར་བྱོན་པར་བསམས་ལ༔

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔

བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

གནས་མཆོག་འདི་རུ་བྱིན་ཕོབ་ལ༔

སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔

བགེགས་དང་ལོག་འདྲེན་བར་ཆད་སོལ༔

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

ཛ྄པ་བཟླས་ཤིང་ཐོད་རྔ་འཁྲོལ༔

 

ཧཱུྃ༔ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔

དུར་ཁྲོད་གཞལ་ཡས་བྱིན་རེ་ཆགས༔

རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔

དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔

གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔

 

ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔

རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔

རྩ་བ་གསུམ་གྱི་ལྷ་ཚོགས་ལ༔

གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔

གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཨ་ཏི་པཱུ་ཧོཿ

 

ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི༔

ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔

ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔

མེ་ཏོག་བདུག་སྤོས་མར་མེ་དྲི༔

ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔

སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང་༔

ཞལ་དང་སྙན་དུ་མཆོད་པ་འབུལ༔

གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱ༔ ཤབྡ་སརྦ་པཱུ་ཛ་ཧོཿ

 

ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔

རང་བྱུང་ནང་མཆོད་འབུལ་བ་ནི༔

དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔

གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔

ཞུན་ཆེན་སྣང་གསལ་མར་མེས་མཆོད༔

བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔

རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔

རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔

དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔

དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔

སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔

གཉིས་སུ་མེད་པར་ཐིམ་གྱུར་ཅིག༔

གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་སརྦ་པཱུ་ཛ་ཧོཿ

 

ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔

གཉིས་མེད་གསང་མཆོད་འབུལ་བ་ནི༔

ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔

བྱང་སེམས་དཀར་དམར་བདེ་བའི་མཆོག༔

བདེ་བའི་རོ་མཉམ་མཆོད་པ་འབུལ༔

སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔

གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ

 

སྨན་རཀ་གཏོར་གསུམ་འབུལ་བ་ནི༔

ཧཱུྃ༔ རང་བྱུང་གདོད་ནས་དག་པའི་རྫས༔

རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔

ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས༔

རྩ་བ་གསུམ་གྱི་ཚོགས་ལ་འབུལ༔

གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔

 

མཚན་དོན་སྦྱར་ཞིང་དངོས་གྲུབ་བླང་༔

ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔

རྣལ་འབྱོར་ཅན་གྱིས་ཧཱུྃ་བསྒོམ་ཞིང་༔

ཨོཾ་ཨཱཿཧཱུྃ་གིས་དངོས་གྲུབ་བླང་༔

ལྕེ་ལ་ཐིམ་པས་དངོས་གྲུབ་ཐོབ༔

སརྦ་སིདྡྷི་ཧཱུྃ༔

 

ཧཱུྃ༔ དུང་ཆེན་སྣོད་དུ་རུ་དྲ་བསྒྲལ༔

དམར་ཆེན་རྦ་རླབས་མཁའ་ལ་འཕྱོ༔

འཁོར་བ་སྟོང་པའི་རཀྟ་འདི༔

དཔལ་ཆེན་འཁོར་དང་བཅས་ལ་འབུལ༔

གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔

 

ཧཱུྃ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔

སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔

དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔

རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་འབུལ༔

གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔

 

ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔

བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔

པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔

སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔

 

སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔

གསུང་ནི་མི་འགགས་མཉམ་ཉིད་རིག་པའི་གསུང་༔

ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔

སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔

 

འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔

བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔

འཇིག་རྟེན་མངའ་སྒྱུར་པདྨ་རྒྱལ་པོའི་སྲས༔

རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔

 

ཧྲཱིཿ འཆི་མེད་མགོན་པོ་པདྨ་ཚེ་དཔག་མེད༔

བདེ་ཆེན་དབྱེར་མེད་ཚེ་མཐའ་ཡས་པའི་སྐུ༔

ཡེ་ཤེས་མཁའ་འགྲོ་ཚེ་ཡི་བདག་མོ་ཡུམ༔

ཞི་བ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔

 

བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔

དཔའ་བོ་འཇིགས་བྱེད་དབང་ཆེན་འདུས་པའི་སྐུ༔

ཁམས་གསུམ་སྲིད་གསུམ་ཟིལ་གྱིས་ནོན་མཛད་པའི༔

རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔

 

རྡོ་རྗེ་རྣལ་འབྱོར་མཁའ་འགྲོ་ཀུན་གྱི་གཙོ༔

དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མ༔

སྟོང་ཉིད་བདེ་ཆེན་དབྱིངས་ལས་བཞེངས་པ་ཡི༔

རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔

 

ཛ྄པ་བཟླས་ནི༔

ཧཱུཾ༔ སྣང་སྲིད་གཞལ་ཡས་བླ་མ་ལྷ༔

ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔

དཔེར་ན་ཆུ་ཟླ་འཇའ་ཚོན་བཞིན༔

སྣང་ལ་རང་བཞིན་མེད་པར་བསྒོམ༔

 

རིགས་འདུས་བླ་མ་རྡོ་རྗེ་འཛིན༔

བདེར་གཤེགས་ཀུན་གྱི་བདག་ཉིད་ཆེ༔

བདག་ཡིད་གདུང་བས་གསོལ་བ་འདེབས༔

སྐུ་བཞི་འགྲུབ་པར་མཛད་དུ་གསོལ༔

ཅེས་རྩེ་གཅིག་པས་བླ་མ་ལ་གསོལ་བ་འདེབས་པ་དང་བཅས་པས༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

 

ཧྲཱིཿ འགྲོ་བའི་མགོན་པོ་པདྨ་ཚེ་དཔག་མེད༔

འཆི་མེད་དངོས་གྲུབ་རྡོ་རྗེའི་ཚེ་མངའ་བ༔

བདག་ཅག་སྐྱེ་འཆི་བགྲེས་རྒུད་མེད་པ་ཡི༔

ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔

 

ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལ་ཨ་ནྲྀ་ཧཱུྃ་གསུམ་དེ་ལས་འོད་ཟེར་མཐའ་ཡས་པ་སྤྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ༔

ཨ་ནྲྀ་ཧཱུྃ་གསུམ་འོད་འབར་ཞིང་ཚེ་ཡི་བདུད་རྩིའི་དྭངས་མའི་དྭངས་མ་ཐམས་ཅད་ཀྱིས་ཉི་ཟླའི་གྭའུ་གང་༔

ལུས་ཐམས་ཅད་ཀྱང་འཆི་མེད་ཀྱི་བདུད་རྩིས་གང་རྡོ་རྗེའི་སྲོག་ཐོབ་པར་བསྒོམ༔

ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱཧཱ༔

 

རྟ་མགྲིན་གྱི་ཐུགས་ཀའི་ཆ་སྨད་དུ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བ་འཁོར༔

དེ་ལས་སྔགས་ཀྱི་ཕྲེང་བ་འཕྲོས་ཏེ་ཞལ་ནས་ཐོན༔

རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་ཞུགས༔

ཐུགས་ཀའི་སྔགས་ཕྲེང་བསྐུལ་སྟེ་དངོས་གྲུབ་བྱང་སེམས་ཀྱི་རང་བཞིན་བྷ་ག་ནས་ཐོན་ཏེ་རྡོ་རྗེའི་ལམ་ནས་བརྒྱུད་ཐུགས་ཀར་ཐིམ་པས་

བདེ་ཆེན་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་བསམས་ཏེ༔

ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ྄༔

ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔

 

ཡབ་ཀྱི་ཐུགས་ཀའི་འོད་ཟེར་གྱིས་ཡུམ་ལ་བསྐུལ༔

དེའི་ཐུགས་ཀ་ནས་འོད་ཟེར་དཀར་སེར་དམར་ལྗང་འཕྲོས་པས་ལས་བཞིའི་ཕྲིན་ལས་གང་འདོད་གྲུབ་པར་བསམ༔

གཙོ་མོའི་སྔགས་མཐར༔

ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ༔

པུཥྚིཾ་ཀུ་རུ་ཡེ་སྭཱཧཱ༔

ཝཱ་ཤཾ་ཀུ་རུ་ཡེ་སྭཱཧཱ༔

མཱ་ར་ཡ་ཕཊ྄་སྭཱཧཱ༔

འཁོར་གྱི་མཁའ་འགྲོ་བསྐུལ་ན་གུད་དུ་ཤེས༔

 

བསྡུ་རིམ་ནི༔

དཀྱིལ་འཁོར་རྣམས་སྤྱི་བོའི་བླ་མ་ལ་བསྡུ༔

བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ༔

རང་ཉིད་འོད་དུ་ཞུ་བ་ཐུགས་ཀའི་ཚེ་དཔག་མེད་ལ་ཐིམ༔

ཚེ་དཔག་མེད་ཡབ་ཡུམ་ཡང་རིམ་གྱིས་ཨ་ནྲྀ་ཧཱུྃ་གསུམ་ལ་ཐིམ༔

དེ་ཉིད་ནམ་མཁའི་རྡོ་རྗེ་གཞོམ་གཞིག་དང་བྲལ་བར་གྱུར་པར་བསམ༔

ཚོགས་ཀྱི་འཁོར་ལོ་སོགས་ཕྲིན་ལས་གཞུང་བཞིན་བྱ༔

 

ཐུན་མཚམས་སུ་ཚེ་འགུགས་པར་འདོད་ན་མདའ་དར་གཡབ་ཅིང་༔

ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔

ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔

ནམ་མཁའི་དབྱིངས་ནས་ཚེ་ཁུག་ལ༔

དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔

སེམས་ཀྱི་ཁམས་ཀྱི་ཚེ་འཕེལ་མཛོད༔

 

ཤར་ཕྱོགས་ཚེ་བདག་མགྱོགས་མ་དཀར༔

རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐུལ༔

ཆུ་ཡི་ཁམས་ནས་ཚེ་ཁུག་ལ༔

དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔

ཁྲག་གི་ཁམས་ཀྱི་ཚེ་འཕེལ་མཛོད༔

 

ལྷོ་ཕྱོགས་ཚེ་བདག་མགྱོགས་མ་སེར༔

རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐུལ༔

ས་ཡི་ཁམས་ནས་ཚེ་ཁུག་ལ༔

དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔

ཤ་ཡི་ཁམས་ཀྱི་ཚེ་འཕེལ་མཛོད༔

 

ནུབ་ཕྱོགས་ཚེ་བདག་མགྱོགས་མ་དམར༔

པདྨ་མཁའ་འགྲོའི་ཐུགས་དམ་བསྐུལ༔

མེ་ཡི་ཁམས་ནས་ཚེ་ཁུག་ལ༔

དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔

དྲོད་ཀྱི་ཁམས་ཀྱི་ཚེ་འཕེལ་མཛོད༔

 

བྱང་ཕྱོགས་ཚེ་བདག་མགྱོགས་མ་ལྗང་༔

ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐུལ༔

རླུང་གི་ཁམས་ནས་ཚེ་ཁུག་ལ༔

དམིགས་པའི་ཚེ་རྟེན་རྣམས་ལ་ཐིམ༔

དབུགས་ཀྱི་ཁམས་ཀྱི་ཚེ་འཕེལ་མཛོད༔

 

ཚེ་སྦ་བ་ནི༔

འབྱུང་བ་ལྔ་དང་ཡེ་ཤེས་ལྔ༔

སྙིང་པོ་ལྔ་ཡི་ཕྱག་མཚན་འདི༔

སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔

མི་ཤིགས་ཚེ་ཡི་རྒྱས་གདབ་བོ༔

ཨོཾ་ཏྲུྃ་ཧྲཱིཿཏྲུྃ་ཧཱུྃ་ཏྲུྃ་ཏྲཱྃ་ཏྲུྃ་ཨཱཿཏྲུྃ༔

 

ཞེས་ཚེ་ཡི་རྒྱས་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

 

སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཀརྨའི་དམ་ཅན་བྲག་གི་རྟེན་མཁར་རྒྱབ་ངོས་ནས་སྤྱན་དྲངས་པའི་གནམ་ལྕགས་ཕུར་སྒྲོམ་ནང་གི་བྱང་བུར་ཨོཾ་རྒྱན་ཕྱག་བྲིས་ལས་དག་པར་ཕབ་པའོ།། །།

 

མཆོག་གྱུར་བདེ་ཆེན་གླིང་པ།

Zabdün Tsasum

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept