Self-Initiation for Rigdzin Düpa—Tibetan

Collections & Cycles › Longchen NyingtikRigdzin Düpa | Practices › Empowerment | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

English | བོད་ཡིག

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

རིག་འཛིན་འདུས་པ།

Further information:
Download this text:

༄༅། །ཀློང་ཆེན་སྙིང་ཐིག་ལེ་ལས། བླ་མ་རིག་འཛིན་འདུས་པའི་བདག་འཇུག་རྡོ་རྗེའི་བྱིན་འབེབས་ཅེས་བྱ་བ་བཞུགས་སོ།།

 

རབ་འབྱམས་རྩ་གསུམ་དཀྱིལ་འཁོར་གྱི། །
ཁྱབ་བདག་རིག་འཛིན་བླ་མ་ཡི། །
གསང་གསུམ་རྡོ་རྗེ་བཞི་ཡི་དབྱིངས། །
འཇུག་པའི་རིམ་པ་འདིར་གསལ་བྱ།

འདིར་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། །རྩ་གསུམ་རྒྱ་མཚོའི་ཁྱབ་བདག །རིག་འཛིན་འདུས་པ་བླ་མའི་ཐུགས་སྒྲུབ་ཀྱི་བདག་འཇུག་བྱ་བར་འདོད་པས་

དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་ལ་བརྟེན་ན་དབང་གི་སྤྱི་དོན་ལས་གསལ་བ་ལྟར་ཐིག་ཚོན་གྱི་ཆོ་ག་དང་བྱིན་རླབས་ལྡན་པས་ཞི་དཀྱིལ་རྟ་བབ་བཞི་པའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སྐུའམ་ཕྱག་མཚན་ས་བོན་ཧཱུྃ་དཀར་གསལ་ཀྱིས་མཚན་པ་དང༌།

པད་འདབ་བརྒྱད་ལ་ཐིག་ལེ་ཕྱོགས་མདོག་དཀར་སེར་དམར་ལྗང༌། མཚམས་བཞིར་མཐིང་ག །སྒོ་བཞིར་ཐིག་ལེ་ཕྱོགས་མདོག་གིས་མཚན་པ་བཅས་དང༌། མ་འབྱོར་ན་དྲི་བཟང་གིས་གཤེར་བའི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་ལ།

གང་ལྟར་ཡང་དབུས་སུ་མཉྫིའི་སྟེང་བུམ་པ་མགུལ་ཆིངས་དཀར་པོ། ཁ་རྒྱན་གཟུངས་རྡོར་དང་བཅས་པ་ལ་ནང་དུ་སོ་ལྔའི་རྫས་དང་ལྡན་པའི་དྲི་བཟང་གི་ཆུས་སུམ་གཉིས་བཀང་བ།

གཡས་སུ་མེ་ལོང་སིནྡྷཱུ་རའི་ཐིག་ལེ་ཅན་དང་ཤེལ་རྡོ་བརྩེགས་མ། གཡོན་དུ་གསང་རྫས། ནུབ་ཏུ་རིག་ཙཀ །མདུན་རྒྱབ་གང་བདེར་སྨན་གཏོར་རཀྟ །དཀྱིལ་འཁོར་གྱི་མཐའ་ཉེར་སྤྱོད་ཀྱིས་བསྐོར། ཆོས་སྐྱོང་གི་གཏོར་འབུལ་དང་ཆད་བརྟན། ཚོགས་དང་དཀར་བགེགས་ལས་བུམ་སོགས་ཀྱང་སྤྱི་ལྟར་འདུ་བྱ་ཞིང་བཤམ་མོ། །

ཆོ་ག་དངོས་ལ།

དང་པོ་དཀྱིལ་འཁོར་སྒྲུབ་པ་ནི།

བརྒྱུད་འདེབས་ནས་བརྩམས་ལས་གཞུང་གི་བསྟོད་པའི་མཇུག་ཏུ།

བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སི་དྡྷི་ཧཱུྃ་ཕཊ྄་ཛཿ

བདག་གི་ཐུགས་ཀ་ནས་ཡེ་ཤེས་པ་ལོགས་སུ་ཕྱེ་སྟེ་མདུན་བསྐྱེད་ཀྱི་ཚུལ་དུ་བཞུགས་པར་གྱུར།

ཞེས་དམིགས་ནས་གབ་བྱང་དང་སྦྱར་བའི་བསྙེན་སྒྲུབ་ཀྱི་བཟླས་པ་ཧཱུྃ་གླུ་བཅས་བྱ།

བུམ་པའི་ནང་དུ་བླ་མ་རིག་འཛིན་འདུས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་གསལ་བ་ལ།

བདག་ཉིད་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་གཟུངས་ཐག་ལ་བརྒྱུད་དེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ།

འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ཤིང་སྐུ་ལས་ཟག་མེད་བདེ་ཆེན་བདུད་རྩིའི་རྒྱུན་ཆེན་བབ་པས་བུམ་པ་ཡོངས་སུ་གང་བར་གྱུར།

ཞེས་བསམ་ལ་བསྙེན་སྒྲུབ་ཀྱི་སྔགས་ཅི་ནུས་བཟླ།

ལས་བུམ་དུ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཐོ་དང༌།

གཡོན་མེའི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་གྱུར།

ཨོཾ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ྄།

ཅེས་བཟླས་ལ། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང༌། མཆོད་བསྟོད་དང་ཡིག་བརྒྱ་བཟླས་ལ།

ཨོཾ་ཨཱཿཧཱུྃ་

གིས་མཆོད་ཡོན་ཕུལ་ཞིང་བུམ་ལྷ་འོད་ཞུ་བྱའོ། །

གཉིས་པ་བདག་འཇུག་དངོས་ལ་དོན་བརྒྱད་ལས།

དང་པོ་ནི།

ཇི་ལྟར་བལྟམས་པ་ཙམ་གྱིས་ནི༎

ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༎

ལྷ་ཡི་ཆུ་ནི་དག་པ་ཡིས༎

དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༎

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

སོགས་ཀྱིས་ཁྲུས་ནས་དབྱུང༌།

ཕྱི་རོལ་པ་ལ་གཏོར་མ་སྦྱིན་པའམ་བསྡུ་ན་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད་ཅིང༌།

བཛྲ་ཛྙཱ་ན་རཀྵ་བྷྲཱུཾ་

གྱིས་སྲུང་འཁོར་བསྒོམ།

ཙཀྵུ་བྷནྡྷ

ས་མིག་དར་བཅིངས།

ཨ་ཁཾ་ཝི་ར

ས་མེ་ཏོག་བཟུང༌། མཎྜལ་འབུལ་བ་རྣམས་བྱའོ། །

གཉིས་པ་གསོལ་གདབ་ནི། །

ཧོཿ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔

ཐུགས་རྗེ་ཆེན་པོས་རྗེས་བཟུང་ལ༔

དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ༔

འཇུག་ཅིང་སྨིན་པར་མཛད་དུ་གསོལ༔

ལན་གསུམ་གྱིས་གསོལ་བ་བཏབ་པས་ལན་བསྩལ་བར་མོས་ལ།

ཧོཿ གསང་བ་མཆོག་གི་དཀྱིལ་འཁོར་དུ༔

འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔

དམ་ཚིག་ཉམས་ན་བརླག་འགྱུར་བས༔

དམ་སྲུང་དབང་བསྐུར་སྦྱིན་པར་བྱ༔

གསུམ་པ་ཚོགས་བསགས་པ་ནི།

རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །

 

མཆོག་གསུམ་བསྟན་པའི་ཞིང་གྱུར་ལ། །

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །

 

དངོས་སྦྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །

དག་པའི་མཆོད་པ་བཞེས་སུ་གསོལ། །

 

དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །

ཉེས་བྱས་མ་ལུས་བཤགས་པར་བགྱི། །

 

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །

མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །

 

དག་པའི་མཐའ་བའི་དྲི་མ་མེད། །

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །

 

བདེ་བཤེགས་དབང་ཕྱུག་སེམས་དཔའ་ལ། །

དག་པ་གསུམ་གྱི་ལུས་འབུལ་ལོ། །

 

ཚེ་རབས་བསྒྲངས་པའི་དགེ་བ་རྣམས། །

བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །

ལན་གསུམ།

བཞི་པ་སྡོམ་བཟུང་ནི།

བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །

དེ་འདྲ་ཁོ་ནར་བདག་གྱུར་ཅིག །

སྤྱོད་པ་རྨད་བྱུང་བསམ་ཡས་པ། །

འགྲོ་ལ་ཕན་ཕྱིར་བདག་གིས་སྤྱོད། །

བྱང་ཆུབ་སེམས་མཆོག་དམ་པ་དང༌། །

སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །

སྲོག་གི་ཕྱིར་ཡང་མི་གཏོང་ན། །

རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །

ལན་གསུམ།

ལྔ་པ་དཀྱིལ་འཁོར་དུ་འཇུག་པ་ནི།

ས་མ་ཡ་པྲ་བེ་ཤ་ཡ་ཕཊ྄།

ཞེས་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེས་པར་བསམ། ཚད་མེད་རྣམ་བཞིའི་བདག་ཉིད་དཀྱིལ་འཁོར་གྱི་སྒོ་བཞི་ནས་གཡས་བསྐོར་གྱིས་འཇུག་པར་བསམ་ལ། སྐུ་གསུང་ཐུགས་ལ་ཕྱག་བྱེད་བཞིན་པར།

ཨོཾ་ན་མ་ཏེ་ཧཱུྃ།

ཨོཾ་ན་མ་མེ་ཧཱུྃ།

ཨོཾ་ན་མོ་ན་མ་ཧཱུྃ།

ལན་བཞི།

དྲུག་པ་སྲས་སུ་བསྐྲུན་ཞིང་ཡེ་ཤེས་དབབ་པ་ནི།

དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པ།

གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུང་རྣམ་སྨིན་གྱི་ལུས་རྟེན་སྦྱངས།

རྣམ་པར་ཤེས་པ་ཧཱུྃ་ཡིག་དཀར་པོར་གྱུར།

ཞལ་ནས་དྲངས་སྐུའི་དབྱིབས་བརྒྱུད་བླ་མ་ཡབ་ཡུམ་གྱི་ཞལ་དུ་ཞུགས།

རྗེས་ཆགས་ཀྱིས་ཞུ་བ་སྦྱོར་མཚམས་སུ་བབ་པ་བདེ་སྟོང་ལས་བསྐྱེད་པའི་སྲས་ཀྱི་རྣམ་པར་གྱུར་པ་སྔར་གྱི་གདན་ལ་འཁོད།

དེ་ཉིད་རིགས་ཀུན་ཁྱབ་བདག་རིག་འཛིན་བླ་མའི་སྐུར་གྱུར་པ་ནི།

སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔

ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ༔

བདག་ཉིད་སངས་རྒྱས་ཀུན་གྱི་དངོས༔

སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔

 

ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས༔

ཐེག་གསུམ་རྫོགས་པའི་བརྡ་རྟགས་སུ༔

ཕོད་ཁ་ཆོས་གོས་བེར་མདུང་མནབས༔

ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགས༔

 

གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔

མཆན་ཁུང་གཡོན་ན་ལྷ་ལྕམ་མཛེས༔

དབུ་ལ་པདྨའི་མཉེན་ཞུ་གསོལ༔

རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང་༔

 

དེ་ལྟར་གསལ་བའི་གནས་གསུམ་དུ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར་པར་བསམ་ལ།

སྤྲོ་ན།

ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔

ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོ་དང་༔

རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔

བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལ༔

གནས་མཆོག་འདི་རུ་བྱིན་ཕོབ་ལ༔

སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔

བགེགས་དང་ལོག་འདྲེན་བར་ཆད་སོལ༔

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛཿཛཿ

སྔགས་དང་སྤོས་རོལ་བཅས་འཕར་གཡོ་འབྱུང་བ་ཙམ་དུ་ཡེ་ཤེས་པ་དབབ་རྗེས།

ཏིཥྛ་བཛྲ

ས་བརྟན་པར་བྱ།

པྲ་ཏཱིཙྪ་བཛྲ་ཧོཿ

ཞེས་རིག་པའི་མེ་ཏོག་དོར།

པྲ་ཏི་གྷྲྀ་ཧ་ན་ཨི་མཾ་སཏྭ་མ་ཧཱ་བ་ལ།

ཞེས་མེ་ཏོག་སྤྱི་བོར་བཞག་ལ་ལྷག་ལྷ་ཐིམ་པར་བསམ།

ཙཀྵུ་པྲ་བེ་ཤ་ཡ་ཕཊ྄།

ཞེས་པས་མཐོང་བ་བསྟན་པར་བསམ།

དབྱིངས་རིག་སྐུ་གསུམ་གྱི་སྒྲོན་མའི་སྣང་ཆ་སྐུ་དང་ཡེ་ཤེས་རྒྱ་མཚོའི་འབྱུང་གནས།

བླ་མ་རིག་འཛིན་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་གྱུར།

བདུན་པ་གསོལ་བ་གདབ་པ་ནི།

བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །

མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །

བདག་ཀྱང་ཡོངས་སུ་སྐྱོབ་པའི་ཕྱིར། །

ནམ་མཁའི་རྡོ་རྗེ་དེང་བདག་སྩོལ།

བརྒྱད་པ་དབང་བསྐུར་དངོས་ལ་བཞི་ལས།

དང་པོ་བུམ་དབང་ནི།

རིག་འཛིན་འདུས་པ་བླ་མ་སྣང་སྲིད་ཟིལ་གནོན་གྱི་སྨིན་མཚམས་ཀྱི་མཛོད་སྤུ་ལས་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་གང་བར་སྤྲོས་ཏེ།

རིག་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བར་གྱུར།

བུམ་པ་སྤྱི་བོར་གཏུགས་ཤིང༌།

ཧཱུྃཿ བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས༔

ལྷ་དང་གཉིས་མེད་བདུད་རྩིའི་ཆུས༔

སྐལ་ལྡན་བུ་ལ་དབང་བསྐུར་བས༔

སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔

རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང་༔

ཀུན་ཏུ་འོད་ཀྱི་ས་ནོན་ཤོག༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ།

ཞེས་གསུང་ཤིང་དབང་བསྐུར་བས་བདེ་བ་ཆེན་པོའི་བདུད་རྩིས་ལུས་ཀྱི་ནང་ཐམས་ཅད་གང༌།

ཐ་མལ་སྣང་ཞེན་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས།

ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་གདན་གསུམ་ཚང་བ་རིག་འཛིན་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གྱི་འཁོར་ལོར་སྨིན་པར་བྱས།

ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན་པར་གྱུར།

དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར།

དེས་སྣང་སྟོང་སྐུ་རྡོ་རྗེ་བླ་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ།

ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག

སྐུ་རྡོ་རྗེའི་བྱིན་རླབས་ཞུགས།

བསྐྱེད་རིམ་གྱི་སྣོད་དུ་གྱུར།

རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས།

སྤྲུལ་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །

གཉིས་པ་གསང་དབང་ནི།

བླ་མ་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པས་སྙོམས་པར་ཞུགས་པའི་བདུད་རྩི་བྱང་སེམས་དངོས་སུ་བསམ་ལ་ཡུམ་གྱི་མཁའ་གསང་ནས་བླང་བར་མོས་ལ།

གསང་རྫས་བྱིན་ལ།

ཧཱུྃཿ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔

དཀར་དམར་བྷནྡྷའི་ནང་དུ་བསྐྱིལ༔

སྐལ་ལྡན་བུ་ལ་དབང་བསྐུར་བས༔

རྩ་ཁམས་ཡི་གེའི་རྣམ་པར་དག༔

ཚེ་ལ་དབང་བའི་རིག་འཛིན་ཐོབ༔

པདྨ་ཅན་གྱི་ས་ནོན་ཤོག༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ

ཞེས་པས་བདུད་རྩི་མྱང་བས་རྩ་ཐམས་ཅད་བདུད་རྩིས་གང༌།

ཁམས་ཞུ་བའི་བདེ་བས་དུག་གསུམ་གྱི་རྟོག་ཚོགས་སྦྱངས།

དེས་གྲགས་སྟོང་གསུང་རྡོ་རྗེ་བླ་མའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ།

ངག་གི་ལས་དང་རླུང་གི་སྒྲིབ་པ་དག

གསུང་རྡོ་རྗེའི་བྱིན་རླབས་ཞུགས།

བཟླས་བརྗོད་ཀྱི་སྣོད་དུ་གྱུར།

ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས།

ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །

རྗེས་འབྲེལ་བཟླས་ལུང་ནི།

མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང༌།

བདག་བསྐྱེད་ཀྱི་ཞལ་དུ་ཞུགས།

ཐུགས་ཀའི་ས་བོན་ལ་འཁོད་པར་བསམ་ལ།

རྩ་སྔགས་གཉིས་སོ་སོར་ལན་གསུམ་བཟླ།

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔

གསུམ་པ་ཤེར་དབང་ནི།

དབང་གསུམ་པའི་སླད་དུ།

རིག་འཛིན་བླ་མའི་ཐུགས་ཀ་ནས་གཟུགས་དང་ལང་ཚོ་ལྡན་པའི་རིག་མ་རིགས་ཀྱི་ཡུམ་གྱི་ངོ་བོ་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར།

རིག་ཙཀ་བཟུང་ལ།

ཧཱུྃཿ ཆོས་རྣམས་ཀུན་གྱི་འབྱུང་གནས་ནི༔

བདེ་བ་ཆེན་པོ་གསང་བའི་ཡུམ༔

རིགས་ཀྱི་བུ་ལ་བྱིན་པ་ཡིས༔

དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར༔

ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔

འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ།

ཞེས་འདུ་ཤེས་རྣམ་པ་གསུམ་གྱིས་རོལ་པ་ཆེན་པོའི་དམ་ཚིག་དང༌།

ཨ་ཧོ་མ་ཧཱ་སུ་ཁས་བདེ་བའི་ཐབས་བྱས་པའི་ལྷན་སྐྱེས་ལ་ངེས་པ་བརྟན་པོས་རྡོར་དྲིལ་སྙིང་གར་བསྣོལ་ཏེ།

ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་གཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ།

དེས་བདེ་སྟོང་ཐུགས་རྡོ་རྗེ་བླ་མའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།

ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག

ཐུགས་རྡོ་རྗེས་བྱིན་རླབས་ཞུགས།

བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར།

ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས།

ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ །

བཞི་པ་དོན་དབང་ནི།

དབང་བཞི་པའི་སླད་དུ།

ཐབས་ལས་བྱུང་བའི་དཔེའི་ཡེ་ཤེས་ཀྱིས་མཚོན་པའི་ཆོས་ཉིད་དོན་གྱི་བླ་མའི་དགོངས་པ་ལ་མཉམ་པར་བཞག་སྟེ།

ཤེལ་རྡོ་དང་མེ་ལོང་གི་བརྡས་མཚོན་ཏེ།

ཧོཿ ཀ་དག་མེ་ལོང་གཙང་མའི་ངོགས༔

ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ༔

བརྡ་རྟགས་རྫོགས་པས་དབང་བསྐུར་བས༔

དྲི་མེད་རིག་པའི་གནས་ལུགས་རྟོགས༔

ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས༔

བདེ་བ་ཆེན་པོའི་ས་ནོན་ཤོག༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ

ཞེས་ངོ་སྤྲད་པ་ལ་བརྟེན་ནས་དོན་གྱི་རིག་འཛིན་བླ་མ་མ་ཧཱ་གུ་རུ་བདེ་བ་ཆེན་པོ་རིག་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་སོ་སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བར་བསམ་ལ་གནས་ལུགས་མ་བཅོས་པའི་དབྱིངས་སུ་མཉམ་པར་བཞག །

དེས་རིག་སྟོང་ཡེ་ཤེས་བླ་མའི་དཀྱིལ་འཁོར་དུ་ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ།།

ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག

ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས།

ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར།

ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས།

མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ །

དེ་ལྟར་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་འདི་ནི་འཁོར་འདས་ཀྱི་སྣང་ཆ་སྣང་གྲགས་རིག་པ་བླ་མའི་རྡོ་རྗེ་གསུམ་གྱི་གསང་བ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབྱིངས་སུ་དག་པ་ངོ་མ་འཕྲོད་ཀྱི་བར་དབང་བཞིའི་ནུས་པ་གསོ་བ། སྐུ་གསུང་ཐུགས་ཀྱི་ཉམས་ཆག་སྐོང་བ། བདག་ཉིད་དཀྱིལ་འཁོར་དུ་འཇུག་པས་སྨིན་པར་སློབ་པ་སོགས་དགོས་པ་ཕན་ཡོན་ཤིན་ཏུ་ཆེ་བར་རྒྱུད་དང་གྲུབ་པའི་ཚོགས་ཀྱིས་ཡང་ཡང་བསྔགས་པ་ལྟར་ཉམས་སུ་ལེན་པ་གལ་ཆེ་བའང་འཕྲོས་སུ་སྨོས་པའོ། །

གསུམ་པ་རྗེས་ཀྱི་རིམ་པ་དམ་ཚིག་ཁས་བླང་བ་ནི།

རྩ་བ་སྐུ་གསུང་ཐུགས་མཆོག་དང་༔

ཡན་ལག་དམ་ཚིག་ཉི་ཤུ་ལྔ༔

མེད་དང་གཅིག་པུ་ཕྱལ་བ་སོགས༔

ཆོ་ག་བཞིན་དུ་སྲུང་བར་བགྱི༔

ལན་གསུམ།

གཏང་རག་གི་མཎྜལ་ཕུལ།

ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །

རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །

འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །

ཏྲཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་ས་པ་ར་ན་ས་མ་ཡེ་ཨཱཿཧཱུྃ། །

གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །

དེ་དག་ཐམས་ཅད་བདག་གིས་བགྱི། །

ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །

སློབ་མར་བཟུང་ནས་སྤྱད་དུ་གསོལ།

ལན་གསུམ།

རྗེས་བསྔོ་སྨོན་དང་ཚོགས་ཀྱི་འཁོར་ལོ་སོགས་སྤྱི་ལྟར་བྱའོ། །

རྒྱལ་ཀུན་བླ་མའི་ཡེ་ཤེས་ཏེ། །

དེ་ཡི་རྡོ་རྗེ་གསུམ་གྱི་བྱིན། །

མྱུར་འབེབས་ཐབས་ཚུལ་འཇུག་བདེའི་དཔྱིད། །

སྐལ་བཟང་ཀུན་དགའི་དཔལ་གྱུར་ཅིག །

 

ཅེས་པའང་ལྷོ་འབྲུག་སྨན་གྱི་ནགས་ཚལ་ཆེན་པོའི་སྦས་ཡུལ་ཁེན་ཏ་ལིའི་འདུས་སྡེ་ཀུན་བཟང་ཐེག་མཆོག་འོད་གསལ་གླིང་དུ་བླ་མ་རིག་འཛིན་འདུས་པའི་ཚོགས་སྒྲུབ་ཀྱིས་སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་སྐབས་ཉེར་མཁོར་གྱུར་པས། འོད་གསལ་སྙིང་ཐིག་གི་བསྟན་པའི་ལྷག་ཞབས་སུ་སྐྱེས་པའི་སྐལ་བཟང་ཅན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་ཀུན་མཁྱེན་བླ་མའི་གསུང་གི་སྣང་བ་བརྟེན་ནས་བྲིས་པས་འགྲོ་ཀུན་ཀུན་བཟང་ཡེ་ཤེས་བླ་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །།

 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept