རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་ཟབ་མོ་རྒྱས་འབྲིང་བསྡུས་གསུམ་གྱི་བྱིན་རླབས་དབང་གི་མཚམས་སྦྱོར་ཀུན་ཕན་དགེ་ལེགས་བདུད་རྩིའི་སྣང་བ་ལས། རྟེན་འབྲེལ་ཉེས་སེལ་དོན་བསྡུས་ཀྱི་དབང་བསྐུར།
༄༅། །རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་ཟབ་མོ་རྒྱས་འབྲིང་བསྡུས་གསུམ་གྱི་བྱིན་རླབས་དབང་གི་མཚམས་སྦྱོར་ཀུན་ཕན་དགེ་ལེགས་བདུད་རྩིའི་སྣང་བ་ཞེས་བྱ་བ་བཞུགས།
༈ གསུམ་པ་རྟེན་འབྲེལ་ཉེས་སེལ་དོན་བསྡུས་ཀྱི་དབང་བསྐུར་བྱེད་ན།
གནས་ཁང་གི་གུང་དུ་སྟེགས་མཐོ་བར་གུ་རུ་རིན་པོ་ཆེའི་སྐུ་ཚབ་བྱིན་རླབས་དང་ལྡན་པའི་མདུན་དུ། སྨན་རཀ་གཏོར་མ་དང༌། ཉེར་སྤྱོད་བཤམས་ལ་དོན་བསྡུས་གཞུང་ལྟར་ལས་རིམ་རྫོགས་པར་བྱ།
བསྙེན་པ་སྐབས་བསྟུན་བཟླས་མཐར་ལས་བུམ་སྒྲུབ། ཚོགས་དང་དབང་ལེན་རྒྱས་པའི་སྐབས་བཞིན་བྱས་ལ། སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་བསྒོམ་ལ།
དེ་ཡང་ཇི་སྐད་དུ་ཤིང་རྟ་ཆེན་པོ་དཔལ་མགོན་ཀླུས། །
རྟེན་ཅིང་འབྲེལ་བར་འབྱུང་འདི་སངས་རྒྱས་ཀྱི། །
གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །
གང་ཞིག་དེ་ནི་ཡང་དག་མཐོང་བ་དེ། །
ཆོས་མཐོང་བ་དེ་དེ་བཞིན་གཤེགས་པ་མཐོང༌། །
ཞེས་གསུངས་པ་ལྟར་ཆོས་ཉིད་དོན་དམ་གདོད་ནས་སྟོང་ཉིད་དུ་རྣམ་པར་དག་ཀྱང་ཆོས་ཅན་རྟེན་འབྲེལ་འགག་མེད་ཀྱི་རོལ་པ་ཅི་ཡང་འཆར་བ་ལ་འཁྲུལ་རྟོག་གིས་བདེན་པར་བཟུང་བས་དག་དང་མ་དག་ལེགས་ཉེས་སྣ་ཚོགས་སུ་ཤར་བས་ཕན་གནོད་དུ་གྱུར་པ་ཀུན།
ཆོས་ཉིད་བདེ་བ་ཆེན་པོའི་རོལ་རྩེད་དུ་ཤེས་པས་རྟེན་འབྱུང་འགགས་མེད་ཀྱི་སྣང་ཆ་འཁོར་འདས་སྒྱུ་མའི་རོལ་པར་གདེང་ཐོབ་པའི་ལྟ་བ་མངོན་གྱུར་གྱིས་རྟེན་འབྲེལ་ཉེས་པ་ཞི་ཞིང་སྲུང་བ་དང༌།
ལེགས་ཚོགས་སྤེལ་ནུས་པ་ཆོས་ཉིད་མངོན་གྱུར་གྱི་སངས་རྒྱས་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་སྟོབས་ལས་འབྱུང་བའི་ཕྱིར་དང༌།
མདོ་སྒྱུ་ཞི་ཁྲོ་བཀའ་བརྒྱད་ཀྱིས་མཚོན་པའི་གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི་ལྷ་སྔགས་བསྐང་བཤགས་ཀྱི་ཟབ་གནད་ཚང་ཞིང༌། དེ་རྣམས་ཀྱི་ཐུགས་རྗེ་བསྐུལ་བའི་ལྷ་སྔགས་ཀྱི་ཆོ་གའི་རིམ་པ་གནས་སྐབས་དང་མཐར་ཐུག་གི་དགོས་པ་དུ་མ་དང་ལྡན་ཞིང༌།
རྫས་སྔགས་འཁོར་ལོ་སོགས་སྤྲོས་པ་རྒྱ་མི་ཆེ་བས་འཕྲལ་དུ་བྱ་སླ་ཞིང༌། ཞི་རྒྱས་ཀྱི་ལས་གཙོ་བོར་བཏོན་པས་ཁེ་ཆེ་ལ་ཉེན་ཆུང་བའི་ལས་མཐའ་ཁྱད་པར་ཅན་གདུལ་བྱ་མཆོག་དམན་སུས་ཀྱང་ཉམས་སུ་ལེན་བདེ་བའི་ཟབ་ཆོས་ཀྱི་ཆོ་ག་སྟེ། དེ་ལའང་དབང་བསྐུར་སྔོན་དུ་འགྲོ་དགོས་པས།
སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པའི་ཟབ་གཏེར་ལས་བྱོན་པའི་རྟེན་འབྲེལ་ཉེས་སེལ་བསྡུས་པའི་མ་ཧཱ་གུ་རུའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་ལ་བསྟེན་པའི་དབང་གི་རིམ་པ་ཆིག་རྫོགས་སུ་བྱ་བ་ལ་ཐོག་མར་མཎྜལ་ཕུལ།
སྐུ་གསུམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྤྱི་གཟུགས་དཔལ་མགོན་བླ་མ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་བསྡུའི་བྱེད་པོ་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་སུ་ཤེས་པས་དད་མོས་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
དགའ་ཆེན་ཁྱོད་བདག་སྟོན་པ་དགོངས༔
དམ་ཚིག་ཆེན་པོ་དབང་མཆོག་སྩོལ༔
རང་གནས་ཡེ་ཤེས་དོན་གྱི་དབང༔
གུ་རུའི་བྱིན་རླབས་ཁོ་ནས་སོ༔
ལན་གསུམ།
དབང་གི་སྔོན་འགྲོ་བླ་མ་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་སུ་ཤེས་པས་བདག་གཞན་སེམས་ཅན་ཐམས་ཅད་འདི་ནས་འབྲས་བུའི་སྐྱབས་གནས་ཀྱི་གོ་འཕང་མངོན་དུ་མ་གྱུར་གྱི་བར་དུ་དྭངས་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པས་སྐྱབས་སུ་འགྲོ་བ་དང༌།
དབང་གི་སྙིང་པོ་མཁའ་ཁྱབ་ཀྱི་སེམས་ཅན་སྲིད་ཞི་ལ་མི་གནས་པའི་རྫོགས་བྱང་མངོན་དུ་བྱ་བའི་ཕྱིར་བླ་མས་རྡོ་རྗེ་བཞི་ཡི་དབང་གིས་སྨིན་པར་བྱས་ནས་གསང་སྔགས་ཀྱི་ཐེག་པ་ལ་འཇུག་པ་དང༌།
དབང་གི་གཞི་རྟེན་སོ་བྱང་སྔགས་ཀྱི་སྡོམ་པ་རྒྱ་མཚོ་མཐའ་ཡས་ཚུལ་བཞིན་བཟུང་ཞིང་སྲུང་བའི་དམ་བཅའ་ལེན་པ་འདིའི་རྗེས་ཟློས་མཛོད།
སྐྱབས་གནས་རྣམས་ལ་བདག་སྐྱབས་མཆི༔
ཀུན་རྫོབ་དོན་དམ་བྱང་སེམས་བསྐྱེད༔
དམ་ཚིག་སྡོམ་པ་ཡང་དག་བཟུང༔
རྡོ་རྗེ་གསུམ་དུ་བདག་གྱུར་ཅིག༔
ལན་གསུམ་བྱ།
དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད།
ལས་སྔགས་ཀྱིས་བསང༌།
སྭ་བྷཱ་ཝས་སྦྱང༌།
སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐ་མལ་པའི་སྣང་ཞེན་ཐམས་ཅད་སྟོང་པར་སྦྱངས།
སྣོད་བཅུད་མ་དག་དངོས་ཀུན་སྦྱངས། །
བདེ་ཆེན་པདྨ་བཀོད་ཞིང་དབུས། །
སློབ་མ་གུ་རུ་པདྨ་འབྱུང༌། །
ཁྲོ་འཛུམ་རྡོ་རྗེ་ཐོད་པ་འཛིན། །
རང་མདངས་འོད་ལྔ་མཁའ་ཁྱབ་ཀློང༌། །
སྣང་སྲིད་ཟིལ་གནོན་གསལ་བ་ཡིས། །
འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཐིམ། །
ཌཱ་དྲིལ་སྤོས་རོལ་དབྱངས་དང་བཅས།
ཧཱུྃ་ཧྲཱིཿ ཀུན་བཟང་བདེ་ཆེན་དབྱིངས་ཉིད་ལས༔
གཟུགས་སྐུ་འགྲོ་འདུལ་པདྨ་འབྱུང༔
བདེ་གཤེགས་རྩ་གསུམ་ཀུན་འདུས་དཔལ༔
འདིར་བྱོན་སྐལ་ལྡན་བྱིན་གྱིས་རློབས༔
ཨོཾ་བཛྲ་མ་ཧཱ་གུ་རུ་ཨ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཛཿ
ཛཿཧཱུྃ་བྃ་ཧོཿ
སྔགས་ལན་མང་བརྗོད་པས་བྱིན་དབབ།
རྡོ་རྗེ་དང་བཅས་པའི་མེ་ཏོག་སྤྱི་བོར་བཀོད་དེ།
ཏིཥྛ་བཛྲས་བརྟན་པར་བྱ།
གཉིས་པ་དབང་དངོས་ལ་བླ་མ་སྐུ་བཞིའི་ཁྱབ་བདག་ཞི་ཁྲོ་རབ་འབྱམས་འདུས་པའི་སྤྱི་གཟུགས་རྩ་གསུམ་དབྱེར་མེད་ཆེན་པོའི་རྡོ་རྗེ་གསུམ་གྱི་དབང་བསྐུར་སྦྱིན་པ་སྟེ།
གུ་རུའི་སྐུ་འབག་དཔྲལ་བར་བཞག་པས་བླ་མའི་སྨིན་མཚམས་ལས་འོད་ཟེར་དཀར་པོ་དང་རང་འདྲའི་སྐུ་དཔག་ཏུ་མེད་པ་བྱོན། སློབ་མའི་དཔྲལ་བར་ཐིམ་པར་མོས་ཤིག །
སྐུ་ཚབ་དཔྲལ་བར་བཞག་ལ།
ཧཱུྃ༔ ཕྱོགས་དུས་བདེ་གཤེགས་ཀུན་བདག་ཉིད༔
མ་ཧཱ་གུ་རུའི་རྡོ་རྗེའི་སྐུས། །
སློབ་མའི་ལུས་ལ་དབང་བསྐུར་བས། །
སྣང་སྟོང་དབྱེར་མེད་དབང་ཐོབ་ཤོག །
སྒྱུ་འཕྲུལ་རྒྱུད་དང་འདུས་པ་མདོ༔
བླ་མ་དགོངས་འདུས་བཀའ་བརྒྱད་ལྷ༔
ཞི་ཁྲོ་རབ་འབྱམས་ཡོངས་རྫོགས་དབང༔
གཅིག་རྫོགས་ཐོབ་ནས་སངས་རྒྱས་ཤོག༔
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་གུ་རུ་དེ་ཝ་ཌཱ་ཀི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔
དེས་སྣང་སྟོང་སྐུ་རྡོ་རྗེའི་དབང་དང་བྱིན་རླབས་ཐོབ། ལམ་སྣང་སྟོང་སྐུ་རྡོ་རྗེའི་བསྐྱེད་རིམ་སྒོམ་པའི་སྐལ་ལྡན་དུ་བྱས།
དག་བྱ་ལུས་དང་རྩ་ཡི་སྒྲིབ་པ་དག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པར་མོས་ཤིག །
སྐུ་མགྲིན་པར་བཞག་པས་བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་དང་དབྱངས་གསལ་རྟེན་སྙིང་གི་སྔགས་ཕྲེང་སྤྲོས་ཏེ་མགྲིན་པར་ཐིམ་པར་མོས་ཤིག །
ཧཱུྃ༔ ཕྱོགས་དུས་བདེ་གཤེགས་ཀུན་བདག་ཉིད༔
གུ་རུའི་གསུང་གི་གསང་བ་ཡིས། །
སློབ་མའི་ངག་ལ་དབང་བསྐུར་བས། །
གྲགས་སྟོང་དབྱེར་མེད་དབང་ཐོབ་ཤོག །
སྒྱུ་འཕྲུལ་རྒྱུད་དང་འདུས་པ་མདོ༔
བླ་མ་དགོངས་འདུས་བཀའ་བརྒྱད་ལྷ༔
ཞི་ཁྲོ་རབ་འབྱམས་ཡོངས་རྫོགས་དབང༔
གཅིག་རྫོགས་ཐོབ་ནས་སངས་རྒྱས་ཤོག༔
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་གུ་རུ་དེ་ཝ་དྷཱ་ཀི་ནི་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ
དེས་གྲགས་སྟོང་གསུང་རྡོ་རྗེའི་དབང་དང་བྱིན་རླབས་ཐོབ། ལམ་གྲགས་སྟོང་རྡོ་རྗེའི་བཟླས་བརྗོད་བྱེད་པ་ལ་དབང༌།
དག་བྱ་ངག་དང་རླུང་གི་སྒྲིབ་པ་དག །འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །
སྐུ་སྙིང་གར་བཞག་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་མཐིང་ག་དང་ཕྱག་མཚན་དཔག་ཏུ་མེད་པ་སྤྲོས་ཏེ་སྙིང་གར་ཐིམ་པར་མོས་ཤིག །
ཧཱུྃ༔ ཕྱོགས་དུས་བདེ་གཤེགས་ཀུན་བདག་ཉིད༔
གུ་རུའི་རྡོ་རྗེའི་ཐུགས་མཆོག་གིས། །
སློབ་མའི་ཡིད་ལ་དབང་བསྐུར་བས། །
བདེ་སྟོང་དབྱེར་མེད་དབང་ཐོབ་ཤོག །
སྒྱུ་འཕྲུལ་རྒྱུད་དང་འདུས་པ་མདོ༔
བླ་མ་དགོངས་འདུས་བཀའ་བརྒྱད་ལྷ༔
ཞི་ཁྲོ་རབ་འབྱམས་ཡོངས་རྫོགས་དབང༔
གཅིག་རྫོགས་ཐོབ་ནས་སངས་རྒྱས་ཤོག །
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་གུ་རུ་དེ་ཝ་ཌཱ་ཀི་ནི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔
དེས་བདེ་སྟོང་ཐུགས་རྡོ་རྗེའི་དབང་དང་བྱིན་རླབས་ཐོབ། ལམ་བདེ་སྟོང་ཐུགས་ཏིང་ངེ་འཛིན་གྱི་རྣལ་འབྱོར་བསྒོམ་པ་ལ་དབང༌།
དག་བྱ་ཁམས་འཕོ་བའི་སྒྲིབ་པ་དག །འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པའོ། །
སླར་ཡང་སྐུ་གནས་གསུམ་དུ་བཞག་པས་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་སྤྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མེད་པའི་བྱིན་རླབས་ཐམས་ཅད་ཐོབ་པར་མོས་ཤིག །
ཧཱུྃ་ཧྲཱིཿ ཕྱོགས་དུས་བདེ་གཤེགས་ཀུན་བདག་ཉིད༔
གུ་རུའི་སྐུ་གསུང་ཐུགས་རྡོ་རྗེའི༔
སློབ་མའི་སེམས་ཀྱི་དེ་ཉིད་ངང༔
གཉིས་མེད་དོན་དབང་མཆོག་ཐོབ་ཤོག༔
སྒྱུ་འཕྲུལ་རྒྱུད་དང་འདུས་པ་མདོ༔
བླ་མ་དགོངས་འདུས་བཀའ་བརྒྱད་ལྷ༔
ཞི་ཁྲོ་རབ་འབྱམས་ཡོངས་རྫོགས་དབང༔
གཅིག་རྫོགས་ཐོབ་ནས་སངས་རྒྱས་ཤོག༔
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔
གཏེར་གཞུང་གི་དབང་ཚིག་ཐ་མ་འདི་ཁོ་ན་ཡིན་ཀྱང་སྐུ་གསུང་ཐུགས་དབང་ཁ་བསྒྱུར་ཅན་འདི་ཉིད་རྗེ་བླ་མ་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཕྱག་བཞེས་སུ་མཛད་པ་ལྟར་བྲིས་པའོ། །
དེས་ཡེ་ཤེས་རྡོ་རྗེའི་དབང་དང་བྱིན་རླབས་ཐོབ། ལམ་འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌།
དག་བྱ་སྣང་གསུམ་འཕོ་བའི་སྒྲིབ་པ་དག །འབྲས་བུ་དབྱེར་མེད་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །
དེས་རྟེན་འབྲེལ་ཉེས་སེལ་གྱི་བྱིན་རླབས་དབང་གི་སྙིང་པོ་གྲུབ་སྟེ་རྫོགས་རིམ་གནད་ཀྱི་ཟབ་ཏིག་གི་གདམས་པའི་མཐར་ཐུག་ནི།
ཟབ་དོན་བཅུད་དྲིལ་འདི་ཉམས་ལོངས༔
རྣམ་རྟོག་ཀུན་ལས་རབ་འདས་པའི༔
རང་བྱུང་ཤེས་རིག་ཟང་ཐལ་བ༔
འཕོ་འགྱུར་གཉིས་མེད་རང་གསལ་ཉིད༔
མ་ནོར་ངོ་ཤེས་མ་བཅོས་ཀློང༔
གསལ་བརྟན་གདེང་ཐོབ་དེའི་ངང་དུ༔
རྟོག་ཚོགས་རང་ཤར་རང་གྲོལ་སྐྱོངས༔
རྩལ་རྣམས་གཞི་རྫོགས་གཉིས་མེད་གྲོལ༔
ཉེས་པའི་རྩ་བ་ཆོད་པ་ན༔
སྣང་སྲིད་རྣམ་དག་གཏན་སྲིད་ཟིན༔
ཞེས་གདམས་པར་མཛད་པ་ལྟར་ཉམས་སུ་ལེན་དགོས་པའོ། །
དེས་ཉེས་སེལ་སྙིང་པོའི་དབང་བསྐུར་གྲུབ་པ་ཡིན་པས་སོགས་དམ་ཚིག་ཁས་བླངས།མཎྜལ། ལུས་འབུལ། དགེ་བསྔོ། ཆོ་གའི་རྗེས་རིམ་རྣམས་དཀྱུས་ལྟར་བྱའོ།
དེ་ལྟར་ཉེས་སེལ་རྒྱས་འབྲིང་བསྡུས་གསུམ་གྱི་ཆོ་ག་དང་དབང་རྣམས་སྐབས་སུ་གང་བབ་ལས་མཐའ་གཅིག་ཏུ་རྫོགས་པར་མ་བསྐུར་ཀྱང་རུང་ངོ༌། །ཅེས་སྔོན་མེད་གདམས་པའི་གསང་མཛོད་བྱ་སླ་ཁྱེར་བདེ་དུས་སྐབས་དང་འབྲེལ་བའི་ཟབ་ཆོས་འདི་ཉིད་སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པས་ཆོ་ག་རྒྱས་འབྲིང་གི་དབང་ལུང་ཆེད་དུ་བསྩལ་ཏེ་ད་དུང་ཤོག་སེར་ལས་ཆོ་ག་བསྡུས་པ་ཞིག་ཀྱང་འབེབས་རྒྱུ་ཡོད་པར་བཀའ་བསྩལ་བ་ཆེད་བསྐུལ་ཞུས་པས་རྗེས་ནས་ཆོ་ག་བསྡུས་པའི་བརྡ་འགྲོལ་འབེབས་གནང་གིས་དབང་བཅས་ཐོབ་པ་ཡིན་པས་ཁྱེད་ནས་ཀྱང་བསྟན་འགྲོའི་ཕན་བདེའི་བཙས་སུ་ཟུངས་ཞེས་བཀའ་དྲིན་དང་ཐུགས་བརྩེའི་མངའ་བདག་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེས་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་དབང་ལུང་ཡོངས་རྫོགས་ཕྱག་དཔེ་གླེགས་བམ་བཅས་སྐལ་བཟང་གི་བཙས་སུ་བསྩལ་བ་བཞིན། ཟབ་ཆོས་འདི་ཉིད་ཀྱི་བདག་པོར་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་ལུང་གིས་བསྔགས་པ་གངས་ལྗོངས་ལྷ་མིའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་བསིལ་ལྡན་ཁ་བ་རི་པའི་བསྟན་འགྲོའི་ཕན་བདེའི་སྲོག་རྩ་མཐུད་ཕྱིར་སྨིན་གྲོལ་གྱི་བདུད་རྩིའི་མཆོད་སྤྲིན་ཆེད་དུ་བཞེས་པས་བཀའ་ལུང་རིན་པོ་ཆེའི་གསེར་གྱི་ཅོད་པན་ཚངས་གནས་རྒྱན་དུ་བསྩལ་བ་ལྟར་དཔེ་ལུང་དབང་ཁྲིད་བཅས་ཀྱི་རྒྱུན་སྤེལ་བའི་ཞབས་ཏོག་ཏུ་འགྱུར་བའི་ལྷག་བསམ་གྱིས་དབང་ཁྲིགས་ཉུང་གསལ་འདིའང༌། རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་རྒྱ་མཚོའི་མཐའ་ཡི་རྒྱལ་ཁབ་ཏུ་འཁྱམས་པའི་སྐབས་ཕ་རན་སིའི་སྨན་ལྗོངས་སྦས་ལུང་ཨུ་རྒྱན་རྫོང་ནས་དབུ་བརྩམས་ཏེ་མེ་རླུང་གི་འཔྲུལ་འཁོར་གྱིས་བསྐྱོད་བཞིན་དུ་ཅི་རིགས་པར་བྲིས་ནས་ཌན་མརྒ་གི་བཀའ་བརྒྱུད་ཆོས་ཚོགས་ཀརྨ་སྒྲུབ་བརྒྱུད་གླིང་དུ་རྫོགས་པར་བྱས་པ་འདིས་ཀྱང་དགེ་ལེགས་རྟག་པ་དམ་པའི་སྣང་བ་འཇིག་རྟེན་གསུམ་ན་མངོན་པར་མཛེས་པའི་དཔལ་དུ་གྱུར་ཅིག །
སརྦ་དཱ་མངྒ་ལཾ།། །།
