རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་ཟབ་མོ་རྒྱས་འབྲིང་བསྡུས་གསུམ་གྱི་བྱིན་རླབས་དབང་གི་མཚམས་སྦྱོར་ཀུན་ཕན་དགེ་ལེགས་བདུད་རྩིའི་སྣང་བ་ལས། རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་རྒྱས་པའི་དབང་།
༄༅། །རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་ཟབ་མོ་རྒྱས་འབྲིང་བསྡུས་གསུམ་གྱི་བྱིན་རླབས་དབང་གི་མཚམས་སྦྱོར་ཀུན་ཕན་དགེ་ལེགས་བདུད་རྩིའི་སྣང་བ་ཞེས་བྱ་བ་བཞུགས།
ཨོཾ་སྭསྟི།
རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་རྒྱས་པའི་དབང་བྱ་བར་འདོད་པས་ཐོག་མར་སྔོན་འགྲོ་བཤམ་བཀོད་ནི། ཡིད་དང་མཐུན་པའི་གནས་ཁང་རྒྱན་བཀོད་ཀྱིས་སྤྲས་པའི་གུང་དུ་གུ་རུ་རིན་པོ་ཆེ་དང་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་བྱིན་རླབས་དང་ལྡན་པ་བཤམ།
སྤྲོ་ན་སྒྱུ་འཕྲུལ་ཞི་ཁྲོ། ཚོགས་ཆེན་འདུས་པ། བླ་མ་དགོངས་འདུས། བཀའ་བརྒྱད་རྣམས་ཀྱི་གཙོ་བོའི་སྐུ་དང༌།
གཙོ་འཁོར་ཡོངས་རྫོགས་ཀྱི་ཞལ་ཐང་སོགས་བཤམ་པའི་མདུན་དུ་བསྡུ་ན་བླ་གཏོར་དང༌། རྒྱས་པའི་སྐབས་སྒྱུ་འཕྲུལ་ཞི་བ་ལ་ཟླུམ་གཏོར་དཀར་པོ་མཐེབ་ཀྱུ་ཞེ་གཉིས། ཁྲོ་བོ་ལ་དཔལ་གཏོར་མཐེབ་ཀྱུ་ང་གཉིས། ཚོགས་ཆེན་འདུས་པ་ལ་དཔལ་གཏོར་གཙོ་བོ་ལ་འཁོར་ལྔ་མཐེབ་ཀྱུ་ལྔ་བརྒྱ་དང་གསུམ། བླ་མ་དགོངས་འདུས་ལ་དཔལ་གཏོར་འཁོར་བརྒྱད། སྒྲུབ་པ་བཀའ་བརྒྱད་ལ་དཔལ་གཏོར་འཁོར་རང་འདྲ་བརྒྱད་བཅས་བར་རྣམས་མཐེབ་ཀྱུ་གྲངས་མེད་ཀྱིས་ལྟེམས། བསྡུ་ན་བཀའ་དགོངས་ཕུར་གསུམ་ཚོགས་ཆེན་འདུས་པ་ཅན་ལ་དཔལ་གཏོར་པད་འདབ་ཅན་ཁོ་ནས་ཀྱང་རུང་ཞིང༌།
གང་ལྟར་ཡང་འཕྲུལ་སྟེགས་ལ་མཎྜལ་སྟེང་ཚོམ་བུ་གཅིག་བཀོད་པ་རྣམ་བུམ་མགུལ་ཆིངས་དཀར་པོ་ཁ་རྒྱན་ཅན་དང༌། གསང་ཐོད། རིག་ཙཀ ། གུ་རུའི་སྐུ་ཚབ་བྱིན་ལྡན་བཅས། མདུན་དུ་ཉེར་སྤྱོད་ཕྲེང་ཚར་བཤམ།
སྤྲོས་བཅས་བྱེད་ན་ཉེར་སྤྱོད་དང་སྨན་རཀ་གཏོར་མ། མར་མེ་རྣམས་བརྒྱ་རྩ་བཤམ། ཁྱད་པར་ཚོགས་མཆོད་ཆད་བརྟན་གསོལ་ཀའི་གཏོར་འབུལ་སོགས་རྒྱས་པར་འདུ་བྱའོ། །
གཉིས་པ་དངོས་ལ་ཉེས་སེལ་གྱི་ཆོ་ག་དང་དབང་གི་རིམ་པའོ། །
དང་པོ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། དང་པོ་མདོ་ཆོག་སངས་རྒྱས་དང་བྱང་སེམས་ཀྱི་མཚན་དང༌། སྔགས་རྣམས་བརྒྱའམ་ཉེར་གཅིག །བདུན་སོགས་བཟླ།
ཁྱད་པར་ཐུབ་དབང་གི་སྙིང་པོ་མུ་ནེ་བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླས་མཐར།
སླད་ནས་ཉེས་པའི་ཚོགས་ཐམས་ཅད་ནམ་ཡང་མི་འབྱུང་བ་སོགས་འདོད་གསོལ་སྦྱར་བ་ཉེར་གཅིག་གམ་བདུན་སྦྱར།
གཉིས་པ་གསང་སྔགས་ནང་གི་ཆོ་ག་སྔགས་ཆོག་ཁོ་ན་ལོགས་སུ་གཏོང་ན་སྐྱབས་སེམས་ཟུར་བྱང་ལྟར་སྦྱར་ལ།
ཧཱུྃ་ཧཱུྃ༔ཧྲཱིཿ སྣང་སྲིད་ཐམས་ཅད་སོགས་ཀྱིས་ལྟ་བས་མཚམས་བཅད་ནས་བརྩམས་བདག་བསྐྱེད་གུ་རུ་གསལ་འདེབས།
བཛྲ་གུ་རུ་ཅི་ནུས་བཟླ། མཆོད་པ་བྱིན་བརླབ་དང་བསྟོད་པའི་རྗེས།
ཧཱུྃ༔ སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་སོགས་ཀྱིས་སྒྱུ་འཕྲུལ་ཞི་བའི་ལྷ་ལ་མཆོད་བསྟོད་ཕུལ་བའི་རྗེས།
གཞུང་ལས། དཀྱིལ་འཁོར་སོ་སོའི་སྐབས་དང་འབྲེལ་བར་སྔགས་རྣམས་རིམ་པ་བཞིན་དུ་བཟླ༔
ཞེས་གསུངས་པས།
ཨོཾ་བོ་དྷི་ཙིཏྟ་སོགས་ཞི་བ་སྤྱི་སྔགས་བརྒྱ་རྩ།
ཧཱུྃ་བཛྲ་དྷྲྀཀ་སོགས་སོ་སོའི་སྒེར་སྔགས་ཉེར་གཅིག་སོགས་སྐབས་བསྟུན་བཟླས་མཐར།
ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སོགས་མཆོད་བསྟོད་ཟུར་བྱང་ལྟར་སྦྱར།
ཧཱུྃ༔ མངོན་རྫོགས་ཁྲག་འཐུང་སོགས་སྒྱུ་འཕྲུལ་ཁྲོ་བོའི་མཆོད་བསྟོད་དང༌།
ཨོཾ་རུ་ལུ་རུ་ལུ་སོགས་ཁྲོ་བོའི་སྤྱི་སྔགས་དང༌།
ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་སོགས་སྒེར་སྔགས་མཆོད་བསྟོད་བྱ།
ཧཱུྃ༔ ཞི་ཁྲོ་ཚོགས་ཆེན་འདུས་པ་སོགས་ནས།
ཨོཾ་གུ་ཧྱ་ཛྙཱ་ན་སྤྱི་སྔགས་དང༌།
ཧཱུྃ་ཨཱཿཧཱུྃ་མཱུྃ་ཞི་ཁྲོ་སོ་སོའི་སྔགས་རྣམས་བཟླ་ཞིང༌།
མཆོད་བསྟོད་འབུལ།
ཧཱུྃ༔ བླ་མ་དགོངས་པ་འདུས་པའི་སོགས་མཆོད་བསྟོད་དང༌།
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སྤྱི་དྲིལ་ཆེན་མོ་དང༌།
བསྡུས་པའི་མཐར་གཙོ་སྔགས་རྗེས།
ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཛྙཱ་ན་དྷཱ་ཀི་ནི་བཛྲ་བྷཱ་ར་ཧི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔
ཅེས་དབང་མཆོག་སྔགས་བཟླ།
ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་བླ་མ་དགོངས་འདུས་ལྷ་སོ་སོའི་སྔགས་བཀའ་སྡོད་བཅས་དང༌།
ཧཱུྃ༔ ཞི་བ་ལྷུན་གྱིས་སོགས་བཀའ་བརྒྱད་ཀྱི་མཆོད་བསྟོད་དང༌།
ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་སྤྱི་དྲིལ་རྒྱས་འབྲིང་བསྡུས་གསུམ།
ཨོཾ་ཨཱ་ལི་ཀཱ་ལི་ཞི་བ་དང༌།
དཔལ་དགུ་བཀའ་སྲུང་གི་སྔགས་བཅས་རྒྱས་བསྡུས་སྐབས་ཕྱེད་པར་བཟླ།
དཀྱིལ་འཁོར་སོ་སོའི་བཟླས་པའི་མཚམས་སུ། དེང་ནས་བཟུང་སྟེ་སོགས་རྟེན་འབྲེལ་ཉེས་པ་སེལ་བ། ཉེས་ཚོགས་མི་འབྱུང་བ། སྲུང་བ། ཉེས་ཚོགས་ལེགས་ལམ་དུ་བསྒྱུར་བའི་འདོད་གསོལ་ཉེར་གཅིག་རེ་བཟླས་མཐར།
དབྱངས་གསལ་རྟེན་སྙིང་ལ་གོང་གི་ཤམ་བུ་སྦྱར་བ་ལན་གསུམ་བྱ།
རྒྱས་པར་སྤྲོ་ན་གུ་རུ་མཁའ་འགྲོ་བཞི་ཡི་རྟེན་འབྲེལ་ཉེས་པ་མི་འབྱུང་བའི་དམིགས་བཟླས་ཀྱང་བྱས་ན་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །
གཙོ་བུམ་ལ་དམིགས་ཏེ།
བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོའི་ནང་དུ་རྩ་གསུམ་ཀུན་འདུས་གུ་རུ་སྣང་སྲིད་ཟིལ་གནོན་རྩལ་གྱི་ཐུགས་ཡེ་ཤེས་ཆེན་པོ་བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་སྒྱུ་འཕྲུལ་རྒྱུད། འདུས་པ་མདོ། བླ་མ་དགོངས་འདུས། སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་འཕྲོ་འདུའི་གཟི་བྱིན་ལམ་མེར་བཞུགས་པའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབ་སྟེ་བུམ་པ་གང་བར་གྱུར།
ཞེས་དམིགས་ལ་སྙིང་པོ་བཛྲ་གུ་རུ་ཅི་ནུས་བཟླས་མཐར། གོང་གི་ལྷ་ཚོགས་རྣམས་ཀྱི་སྤྱི་དྲིལ་གྱི་སྔགས་ཅུང་ཟད་རེ་བཟླས་ཀྱང་ལེགས་པར་སེམས། མཆོད་བསྟོད་དང་ཡིག་བརྒྱའི་མཐར།
ལྷ་ཚོགས་དགྱེས་པ་ཆེན་པོའི་འོད་དུ་ཞུ་སྟེ་བུམ་ཆུ་བྱང་སེམས་བདུད་རྩིའི་རང་བཞིན་དུ་གྱུར།
ལས་བུམ་ལ་དམིགས་ཏེ།
སྟོང་པའི་ངང་ལས་ལས་བུམ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཉི་ལ་ཧཱུྃ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྐུར་གྱུར།
ཀུཎྜ་ལི་བཟླ།
ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ།
ཨོཾ་ཨཱཿཧཱུྃ་ལྷ་འོད་དུ་ཞུ་བ་བུམ་ཆུའི་རྣམ་པར་གྱུར།
རིག་པའི་མེ་ཏོག་དོར་བའམ། མདུན་གྱི་བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཆར་དུ་བྱུང༌།
རང་གི་གནས་གསུམ་དུ་རིམ་དང་གཅིག་ཆར་དུ་ཐིམ། དབང་བཞི་ཐོབ། སྒྲིབ་བཞི་དག ། ལམ་བཞིའི་སྣོད་རུང་དུ་གྱུར། སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་བསམ་ལ།
ཨོཾ་རྡོ་རྗེའི་ཡེ་ཤེས་སོགས་ཀྱིས་སློབ་མ་འཇུག་པར་གསོལ་བ་གདབ་བོ། །
ཚོགས་མཆོད་དབང་གི་སྔོན་རྗེས་གང་འདོད་དུ་བྱ།
གཉིས་པ་དབང་དངོས་ལ་གསུམ་ལས།
དང་པོ་སྔོན་འགྲོ་འཇུག་པའི་ཆོས་ནི།
སྣོད་དུ་རུང་བའི་སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད་དང་སྲུང་འཁོར་སྤྱི་ལྟར་བྱས་ལ།
ཞེས་རྗེས་སུ་གདམས་པར་མཛད་ནས་བོད་ཆེན་པོ་མདོ་ཁམས་སྨར་རྫ་སྒང་གི་བྱེ་བྲག་གཙུག་ཡིད་བཞིན་ནོར་བུ་ནས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་སྐུ་གཏེར་ཆེན་ལས་རབ་གླིང་པས་སྤྱན་དྲངས་ཏེ་བསྟན་འགྲོའི་བཙས་སུ་སྤེལ་བའི་དོན་ཉམས་སུ་ལེན་པའི་ཐོག་མར་གལ་ཆེ་བ་རྟེན་འབྲེལ་ཉེས་སེལ་གྱི་ཆོ་གའི་བྱིན་རླབས་བླ་མའི་དོན་དབང་ཟབ་མོ་གསན་པའི་ཆེད་དུ་མཎྜལ་ཕུལ།
རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་བསྡུའི་བྱེད་པོར་ཤེས་པའི་དད་མོས་ཀྱིས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད།
སློབ་དཔོན་ཁྱེད་ཉིད་བདག་གི་སྟོན་པ་སྟེ༔
རྡོ་རྗེ་ཐེག་པའི་དམ་ཚིག་བདག་ལ་སྩོལ༔
དཀྱིལ་འཁོར་ལྷ་དང་གསང་སྔགས་བསྟན་དུ་གསོལ༔
གནས་ལུགས་དོན་གྱི་དབང་མཆོག་བསྐུར་དུ་གསོལ༔
ལན་གསུམ།
ཞེས་གསོལ་བ་བཏབ་པས།
གསང་སྔགས་ཀྱི་འཇུག་སྒོ་དབང་གིས་རྒྱུད་སྨིན་པར་བྱེད་པ་ནི་བླ་མའི་བྱིན་རླབས་ལ་རག་ལས་པས་ཐ་ཚིག་འབོག་པ་འདི་ལ་གསན་འཚལ།
ཡང་དག་ཡེ་ཤེས་གཉིས་མེད་དོན་གྱི་དབང༔
བླ་མའི་བྱིན་རླབས་ཚད་མས་མངོན་སུམ་མཐོང༔
དེ་ཡང་སྐལ་ལྡན་དད་པའི་ཉེར་ལེན་གྱིས༔
འགྲུབ་འགྱུར་ཐབས་ལ་མཁས་པའི་དམ་ཚིག་ཟུངས༔
ཞེས་བསྒྲགས་ཏེ།
ད་དབང་གིས་རྗེས་སུ་འཛིན་ནས་བཟུང༌། ཁྱེད་རང་རྣམས་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཐ་དད་དུ་མི་བལྟ།
ཡིད་ཆེས་ཀྱི་དད་པས་འདི་ནས་བྱང་ཆུབ་བར་དུ་སྐྱབས་སུ་མཆི་ཞིང༌།
ཐེག་ཆེན་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་ཅིང་དམ་ཚིག་དང་སྡོམ་པ་མཐའ་དག་མི་ཉམས་པར་ཡང་དག་པར་བཟུང་བའི་དམ་བཅའ་དང་བཅས་འདིའི་རྗེས་ཟློས་ལན་གསུམ་མཛོད།
དཀྱིལ་འཁོར་གཙོ་བོ་སློབ་དཔོན་དང༔
དཀོན་མཆོག་གསུམ་དང་ཡི་དམ་ལྷ༔
སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔
སྲོག་གི་ཕྱིར་ཡང་མི་སྤང་ངོ༔
ཀུན་རྫོབ་དོན་དམ་བྱང་ཆུབ་སེམས༔
སྤྱི་དང་ཁྱད་པར་ལྷག་པ་ཡི༔
སྡོམ་པ་ཐམས་ཅད་ཡང་དག་བཟུང༔
བདག་རྒྱུད་གྲོལ་བར་མཛད་དུ་གསོལ༔
ལན་གསུམ།
དེ་ནས་བྱིན་རླབས་དབང་གི་གཞི་འགོད་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་བསྒོམས་ཤིག །
ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས།
ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་དུ་རྣམ་པར་དག་པའི་ཅིར་སྣང་ཡེ་ཤེས་འཁོར་ལོའི་རང་རྩལ་སྣོད་བཅུད་རྣམ་དག་འོག་མིན་པདྨ་དྲྭ་བའི་ཞིང་དུ་རྣམ་པར་དག་པའི་དབུས་སུ་སློབ་མ་རྣམས་སྐད་ཅིག་གིས་རྩ་གསུམ་རྒྱལ་བ་འདུས་པའི་ཡེ་ཤེས་ཀྱི་སྤྱི་གཟུགས་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་སྐུ་མདོག་དཀར་དམར་ཁྲོ་འཛུམ་མཚན་དཔེའི་གཟི་བྱིན་རབ་ཏུ་རྒྱས་པའི་སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། ཕོད་ཆེན་མཐིང་ག། ཆོས་གོས་རྣམ་གསུམ་དམར་པོ། དབང་གི་ཟ་བེར་སྨུག་པོ་རྣམས་བརྩེགས་མར་གསོལ་ཞིང༌།
དབུ་ལ་རབ་མཛེས་ཤེའུའི་སྙན་ཞུས་བརྗིད་པ།
ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་འཕྱར་སྟབས་སུ་འཛིན་ཅིང༌།
གཡོན་པས་མཉམ་བཞག་གིས་བྷནྡྷ་བདུད་རྩིས་གང་བ་ཚེ་བུམ་གྱིས་མཚན་པ་བསྣམས་ཏེ་ཞབས་གཉིས་རྒྱལ་པོ་རོལ་སྟབས་ཀྱིས་པད་ཟླའི་སྟེང་དུ་བཞུགས་ཤིང༌།
མཆན་ཁུང་གཡོན་དུ་རྡོ་རྗེའི་ཁ་ཊྭཱྃ་ག་འཁྱུད་སྟབས་སུ་འཛིན་ཅིང༌།
སྐུ་ལས་འཇའ་འོད་ཟེར་ཐིག་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་རྒྱས་པའི་ཀློང་དུ་བཞུགས་པའི་གནས་གསུམ་རྡོ་རྗེའི་ཡིག་འབྲུ་གསུམ་གྱིས་མཚན་པ་དང༌།
སློབ་དཔོན་ལ་མོས་གུས་མཆོག་ཏུ་བསྐྱེད་པས་ཐུགས་རྒྱུད་བསྐུལ་བས་ཕྱོགས་དུས་མཁའ་ཁྱབ་ཀྱི་ཞིང་ན་བཞུགས་པའི་བླ་མ་ཡི་དམ་དཔའ་བོ་ཌཱ་ཀི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱི་སྐུ་སྔགས་ཕྱག་མཚན་གྱི་རྣམ་པས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཁེངས་པ་ཙམ་དུ་ཆར་བབས་པ་ལྟར་སྤྱན་དྲངས་བར་མོས་ལ།
ཐོད་ཕྲེང་རྩལ་གྱི་ཛབ྄་དབྱངས་བྱ་བས་གཟེངས་བསྟོད་ཅིང༌།
དྲི་ཞིམ་གྱི་སྤོས་བསྲེག །
ཐོད་རྔ་དང་དྲིལ་བུས་བསྐུལ་ལ་སྙན་པའི་དབྱངས་དང་བཅས་པས།
ཧཱུྃ་ཧྲཱིཿ ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔
གཟུགས་སྐུ་འགྲོ་འདུལ་རྗེ་བཙུན་པདྨ་འབྱུང༔
དུས་གསུམ་བདེ་གཤེགས་རྩ་གསུམ་ཀུན་འདུས་དཔལ༔
ངོ་བོ་གཅིག་ལ་ཆོ་འཕྲུལ་དུ་མ་སྟོན༔
སྣང་ཚུལ་ཅིར་ཡང་མ་འགག་འགྲོ་དོན་མཛད༔
སྐུ་ཡི་རྣམ་འགྱུར་གར་སྟབས་ཤིགས་སེ་ཤིག༔
གསུང་གི་ཆོས་སྟོན་བརྡ་གླུ་འུ་རུ་རུ༔
ཆོས་ཉིད་དགོངས་པའི་གཟི་བྱིན་ཐིབས་སེ་ཐིབ༔
ཐུགས་རྗེའི་འོད་ཟེར་བག་དྲོ་ཆི་ལི་ལི༔
ལྟ་བས་མི་ངོམས་མཚན་དཔེ་ལམས་སེ་ལམ༔
བྱམས་ལྡན་ཐུགས་བརྩེའི་འཛུམ་མདངས་ཡ་ལ་ལ༔
རྡོ་རྗེའི་གར་སྟབས་འགྱིང་ཚུལ་ལྡེམས་སེ་ལྡེམ༔
མཛེས་པའི་ལྕང་ལོ་ཐོད་བཅིངས་པུ་རུ་རུ༔
དུར་ཁྲོད་དཔའ་བོའི་རྒྱན་ལྡན་ཁྲ་ལ་ལ༔
དཔའ་མོའི་ཁྲག་ཞག་གཟི་མདངས་ཉི་ལི་ལི༔
མེ་རླུང་འཇའ་འོད་འཚུབས་མ་ཀྱི་ལི་ལི༔
ཧཱུྃ་ཕཊ་སྔགས་ཀྱི་སྒྲ་དབྱངས་ཏི་རི་རི༔
རིག་འཛིན་དཔའ་བོ་མཁའ་འགྲོ་ཐིབས་སེ་ཐིབ༔
ཡི་དམ་ཆོས་སྐྱོང་དམ་ཅན་ཤ་ར་ར༔
ས་འོག་ས་སྟེང་ས་བླའི་དུར་ཁྲོད་བདག༔
ལྷ་མོ་ཀླུ་མོ་མི་མོའི་གཟུགས་འཆང་བ༔
གནས་ཡུལ་མཁའ་འགྲོའི་གནམ་ས་བར་སྣང་གང༔
ལེགས་ཉེས་སྟངས་འཛིན་ཆོ་འཕྲུལ་བསམ་མི་ཁྱབ༔
མོས་གུས་གདུང་བས་མྱུར་དུ་སྤྱན་འདྲེན་ན༔
ཐོགས་མེད་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔
བྱིན་རླབས་སྟོབས་ཀྱིས་གནས་འདིར་གཤེགས་ནས་ཀྱང༔
སྒྲུབ་པའི་དཀྱིལ་འཁོར་འདི་ལ་གཟི་མདངས་ཕྱུངས༔
དམ་རྫས་གཉན་པོ་འདི་ཡི་ནུས་པ་བསྐྱེད༔
བགེགས་དང་ལོག་འདྲེན་འགལ་རྐྱེན་བར་ཆད་སོལ༔
རིག་འཛིན་སྒྲུབ་མཆོག་བདག་སོགས་ཐུགས་རྗེའི་ཟུངས༔
མཚན་དཔེའི་སྐུ་ཡི་གཟི་མདངས་ལུས་ལ་ཕོབ༔
འགགས་མེད་གསུང་གི་གསུང་གི་ནུས་མཐུ་ངག་ལ་སྩོལ༔
བདེ་གསལ་ཐུགས་ཀྱི་དགོངས་པ་ཡིད་ལ་འཕོས༔
སྐུ་གསུང་ཐུགས་ཀྱི་དབང་བསྐུར་བྱིན་ཆེན་ཕོབ༔
ཐུན་མོང་མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ
ཞེས་སྔགས་མང་དུ་བཟླ་ཞིང་སྤོས་རོལ་གྱིས་བསྐུལ་ཏེ་བྱིན་དབབ།
ཏིཥྛ་བཛྲས་བརྟན་པར་བྱ།
གཉིས་པ་དངོས་གཞིའི་དབང་བསྐུར་བ་ལ་ཧེ་རུ་ཀ་འདུས་པའི་རྒྱུད་ལས།
གང་གིས་གང་ལ་དབང་བསྐུར་བས། །
རྒྱུད་དག་ནུས་པ་ཐོབ་ཕྱིར་དབང༌། །
ཞེས་གསུངས་པ་ལྟར།
བྱེད་པ་པོ་རྡོ་རྗེ་སློབ་དཔོན་སྔགས་ཀྱི་ཡན་ལག་ལྔ་ལ་རང་བྱན་ཚུད་པ་གང་གིས་བྱ་བའི་ལས་བཅུད་བཟང་པོ་བླུག་པ་ལ་སྣོད་གཙང་མ་བྱེད་པ་བཞིན་སྔོན་འགྲོ་དངོས་གཞིའི་ཕྲིན་ལས་གཞུང་བསྲངས་སྟེ་གནང་བ་ཞུས་ནས་རྒྱུད་སྦྱངས་བའི་དད་བརྩོན་བརྟུལ་ཞུགས་ལྡན་པའི་སློབ་མ་གང་ལ་བྱེད་པ་རྫས་སྔགས་ཏིང་འཛིན་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱི་དབང་བསྐུར་བས།
བྱ་བ་སློབ་མའི་སྒོ་གསུམ་ཕྲ་རག་དང་བཅས་པའི་རྒྱུད་བཞི་དག་ནས་གདོད་ནས་གདན་གསུམ་ཚང་པའི་ལྷར་གནས་པ་ངོ་སྤྲད་དེ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་གསོས་ཐེབ་པའི་མཐུས།
ལམ་རིམ་གཉིས་ཀྱི་ཡེ་ཤེས་སྐྱེ་ངེས་ཀྱི་ནུས་པ་མངོན་དུ་སད་དེ་སྐུ་བཞིའི་གོ་འཕང་ཐོབ་རུང་དུ་བྱས་པའི་ཕྱིར་དེ་ལ་དབང་བསྐུར་མཚན་ཉིད་པ་སྟེ།
དེ་ལ་རྒྱུད་དང་སྒྲུབ་སྡེའི་དབྱེ་བསྡུ་མཐའ་ཀླས་པ་ཀུན་ཀྱང་དག་བྱ་དག་བྱེད་དག་འབྲས་ཀྱི་དབང་གིས་བཞིར་འདུ་བ་ཀུན་ལ་གྲགས་ཆེ་བ་ལྟར་བསྐུར་བ་ལ།
དང་པོ་བུམ་པའི་དབང་གིས་སླད་དུ།
སློབ་དཔོན་སྐུ་རྡོ་རྗེའི་སྤྲུལ་པའི་སྐུ་ཡི་ཐུགས་ཀ་ནས་སྤྲུལ་པའི་གདན་གསུམ་ཡོངས་རྫོགས་དབང་གི་ལྷ་ཚོགས་རྣམས་ཀྱིས་བུམ་པ་རྡོ་རྗེའི་མཎྜལའི་སྣོད་བཅུད་ཡོངས་རྫོགས་ཀྱི་དབང་བསྐུར་བའི་མོས་པ་མཛོད།
རྣམ་བུམ་ཐོགས་ལ།
ཧཱུྃ༔ རྣམ་རྒྱལ་བུམ་པ་གཞལ་མེད་ཁང༔
དག་པ་ལྷ་ཡི་རང་བཞིན་བཅུད༔
ཐུགས་རྗེ་མ་འགག་བདེ་ཆེན་དབང༔
སྐལ་ལྡན་ལུས་ངག་ཡིད་ལ་བསྐུར༔
དུག་གསུམ་སྒྲིབ་པ་ཀུན་དག་ནས༔
སྐུ་བཞི་ཡེ་ཤེས་ལྔ་ཐོབ་ཤོག༔
ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཛྙཱ་ན་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔
ཞེས་བརྗོད་ཅིང་བུམ་པ་སྤྱི་བོར་བཞག །བུམ་ཆུ་སྦྱིན།
བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིས་ལུས་ཀྱི་ནང་གང༌། ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ་སད་པར་བྱས།
ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་འོད་དཔག་ཏུ་མེད་པ་གཙོ་བོར་གྱུར་པས་དབུ་བརྒྱན་པར་གྱུར།
དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བས། ལུས་རྩ་ཡི་དྲི་མ་དག། བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམས་པ་ལ་དབང༌། འབྲས་བུ་སྣང་སྟོང་སྤྲུལ་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །
གཉིས་པ་གསང་བའི་དབང་གི་སླད་དུ།
སློབ་དཔོན་གསུང་རྡོ་རྗེ་ལོངས་སྤྱོད་ཡོངས་སུ་རྫོགས་པས་རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཡབ་ཡུམ་སྦྱོར་བའི་སེམས་སྤྲིན་གྱིས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་བྱང་ཆུབ་སེམས་ཀྱི་བདུད་རྩི་རྡོ་རྗེའི་ལྕེ་ལ་བྱིན་པའི་མོས་པ་མཛོད།
ཐོད་པའི་བདུད་རྩི་སྟེར་ལ།
ཧཱུྃ༔ ལྷ་དང་ལྷ་མིན་རྣལ་འབྱོར་པ༔
གཙང་དམེའི་སྤྱོད་ཡུལ་ལས་འདས་པའི༔
ཡབ་ཡུམ་བྱང་སེམས་དམ་རྫས་འདིས༔
གསང་བ་མཆོག་གི་དབང་བསྐུར་རོ༔
རླུང་ཁམས་དག་པ་སྔགས་ཀྱི་སྒྲ༔
འགག་མེད་རྡོ་རྗེའི་གསུང་ཐོབ་ཤོག༔
ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔
ཞེས་བདུད་རྩི་མྱང་བས་རྩ་ཁམས་བདུད་རྩིའི་གང༌།
ཁམས་ཞུ་བའི་བདེ་བས་དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ།
དེས་ནང་རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བས། ངག་རླུང་གི་དྲི་མ་དག།
རླུང་སྔགས་དབྱེར་མེད་དུ་ཤེས་པའི་རང་བྱིན་རླབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་གསལ་སྟོང་དབྱེར་མེད་ལོངས་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་རྒྱུད་ལ་བཞག་གོ།
གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ།
བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཤེས་རབ་ཕོ་ཉ་མ་ལ་བརྟེན་ནས་དཔེ་ཡི་ཡེ་ཤེས་ངོ་སྤྲད་པའི་ཕྱིར། གཟུགས་དང་ལང་ཚོ་རྫོགས་པའི་ཕྱག་རྒྱ་མ་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་མོས་ཤིག །
རིག་ཙཀ་བསྟན་ལ།
ཧཱུྃ༔ དགའ་བའི་གཟུགས་མཛེས་ཕྱག་རྒྱ་ཐབས༔
བདེ་ཆེན་རོལ་པའི་དབང་བསྐུར་བས༔
ཐིག་ལེའི་ཁམས་དང་རྟོག་ཚོགས་དག༔
བདེ་སྟོང་དགའ་བཞིའི་ཡེ་ཤེས་དབྱིངས༔
བརྗོད་མེད་སྤྲོས་བྲལ་ལྷན་ཅིག་སྐྱེས༔
ཕྱག་རྒྱ་ཆེན་པོ་མངོན་འགྱུར་ཤོག༔
ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་བཛྲ་མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔
ཞེས་གཏད་པའི་གཟུངས་མ་དང་འདུ་ཤེས་གསུམ་གྱི་རྣལ་འབྱོར་གྱིས་སྙོམས་པར་ཞུགས་པས་རྒྱུ་འབྲས་ཀྱི་དགའ་བཞི་ཉམས་སུ་མྱོང་བར་གྱུར།
དེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་དང་ཐིག་ལེའི་དྲི་མ་དག །
ཕྱག་རྒྱ་གསུམ་གྱི་དཔེ་ཡི་ཡེ་ཤེས་བསྒོམ་པ་ལ་དབང༌། འབྲས་བུ་བདེ་སྟོང་དབྱེར་མེད་ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ །
བཞི་པ་ཚིག་དབང་རིན་པོ་ཆེ་ངོ་སྤྲད་པའི་སླད་དུ།
བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་རང་རིག་དོན་གྱི་ཡེ་ཤེས་ངོ་སྤྲད་པའི་སླད་དུ་མཚོན་བྱེད་བརྡ་དང་རྡོ་རྗེའི་ཚིག་གི་དབང་བསྐུར་བ་ནི།
དགོངས་པ་གཏད་ལ།
ཧཱུྃ༔ རིག་པ་ཀུན་བཟང་ཆོས་ཀྱི་སྐུ༔
མ་བཅོས་དེ་བཞིན་ཡེ་ནས་གསལ༔
རྟོགས་བྱ་རྟོགས་བྱེད་གཉིས་མེད་དབང༔
གནས་ལུགས་མངོན་གྱུར་གདེང་ཐོབ་ཤོག༔
ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔
ཞེས་ངོ་སྤྲད་པ་ལ་བརྟེན་ནས་ལྷན་སྐྱེས་དོན་གྱི་ཡེ་ཤེས་མངོན་དུ་སད་པར་མོས་ཤིག།
དེས་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་དུ་བཞི་པ་ཡེ་ཤེས་ཀྱི་དབང་བསྐུར་བས། འཕོ་བའི་སྒྲིབ་པ་བག་ཆགས་དང་བཅས་པ་དག།
རྫོགས་པ་ཆེན་པོ་ཡེ་ཤེས་ལམ་བྱེད་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་རིག་སྟོང་དབྱེར་མེད་ངོ་བོ་ཉིད་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ།
ལྔ་པ་མཐར་ཐུག་ཡེ་ཤེས་ཀྱི་སྐུ་ཅན་བླ་མའི་སྐུ་འབག་ལ་བརྟེན་ནས་རྡོ་རྗེའི་ཡེ་ཤེས་ཀྱི་དབང་སྦྱིན་པ་ནི།
གུ་རུའི་སྐུ་ཚབ་སྤྱི་བོར་བཞག་སྟེ།
ཧཱུྃ༔ མཁའ་དབྱིངས་ཀློང་ནས་མཚན་རྫོགས་སྐུ༔
མི་རྟོག་ཡེ་ཤེས་རྡོ་རྗེ་འཆང༔
ཁྱབ་བདག་པདྨ་ཧེ་རུ་ཀའི༔
སྐུ་གསུང་ཐུགས་སུ་དབང་བསྐུར་རོ༔
ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་གུ་རུ་པདྨ་ཧེ་རུ་ཀ་སརྦ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔
ཞེས་ཡེ་ཤེས་བཙན་ཐབས་སུ་འཕོ་བ་དགོངས་བརྒྱུད་རྡོ་རྗེའི་དབང་གུ་རུའི་སྐུ་འབག་ལ་བརྟེན་ནས་བསྐུར་བས་རང་རིག་དོན་གྱི་བླ་མའི་རྡོ་རྗེའི་གསུམ་དབྱེར་མེད་པ་མི་ཕྱེད་རོ་མཉམ་ཕྱག་རྒྱའི་རྒྱས་བཏབ་པས་དགོངས་བརྒྱུད་འཕོ་བ་ཆེན་པོའི་དབང་བསྐུར་བས།
སྒྱུ་འཕྲུལ་རྒྱུད་ཀྱི་ལྷ་ཚོགས། འདུས་པ་མདོ་ཡི་ལྷ་ཚོགས། བླ་མ་དགོངས་པ་འདུས་པའི་ལྷ་ཚོགས། ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས།
རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཆིག་རྫོགས་སུ་ཐོབ་སྟེ་སྟོན་འཁོར་དགོངས་པ་དབྱེར་མེད་པའི་ཆོས་ཉིད་ཁྱབ་བརྡལ་ཆེན་པོ་སྨིན་གྲོལ་ཡོངས་སུ་རྫོགས་པའི་དོན་ལ་མཉམ་པར་ཞོག་ཅིག
ཧཱུྃ༔ མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔
རང་བཞིན་རྩ་གསུམ་རྒྱལ་བའི་དབྱིངས་སུ་གཅིག༔
ཐུགས་རྗེ་ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔
འཆི་མེད་གསང་གསུམ་རྡོ་རྗེའི་བཀྲ་ཤིས་ཤོག༔
དེས་ཀུན་རྫོབ་བརྡ་ཡི་བླ་མའི་སྐུ་འབག་གི་དཀྱིལ་འཁོར་ལ་བརྟེན་ནས་དོན་དམ་འབྲས་བུའི་བླ་མ་རང་བྱུང་རིག་པའི་ཡེ་ཤེས་བཙན་ཐབས་སུ་སད་པར་བྱས་པས།
ཟུང་འཇུག་ངོ་བོ་ཉིད་སྐུའི་བླ་མའི་དབང་དང་བྱིན་རླབས་ཐམས་ཅད་ཡེ་ནས་བསྐུར་ཐོབ་བྲལ་བའི་ཡིན་ལུགས་མངོན་སུམ་དུ་བྱས་པར་མོས་ཤིག །
དེ་དག་གིས་དབང་བཞིའི་རྒྱུད་སྨིན་པའི་བྱ་བ་གྲུབ་ནས་སྨིན་ཟིན་གྲོལ་བར་བྱེད་པ་ཟབ་མོ་ཁྲིད་ཀྱི་གདམས་པའི་མཐར་ཐུག་གི་མདོ་ཆིངས་ནི།
སྤྱིར་དབང་བཞི་སོ་སོ་དང་འབྲེལ་བའི་བསྐྱེད་རྫོགས་རྫོགས་ཆེན་དང་བཅས་པའི་རྡོ་རྗེའི་རྣལ་འབྱོར་ཆེན་པོ་བཞི་ཡི་ལམ་རྒྱས་པར་བཞུགས་ཀྱང༌།
མཐར་ཐུག་གི་སྐྱེལ་སོ་ངེས་པའི་གསང་བ་རྨད་དུ་བྱུང་བའི་ཟབ་ཏིག་ཐུན་མོང་མ་ཡིན་པ་རྡོ་རྗེའི་གསུང་གི་གསང་བ་བྱིན་རླབས་ཀྱི་ཟིལ་དང་ལྡན་པ་ལ་འདི་ཡི་ཚིག་དོན་ལ་གསན་པས་ཁྱབ་སྟེ། གནད་ལ་བརྟེན་པ་ནི་སོགས་ནས། འགྲོ་དོན་རྒྱས་ཤིང་ཚེ་མཐར་ཕྱིན་པ་པདྨའི་ཐ་ཚིག་གོ༔
ཞེས་ཆོས་ཉིད་དོན་གྱི་གནས་ལུགས་དེ་མངོན་དུ་བྱེད་པས་རྟེན་འབྲེལ་ཉེས་པ་སེལ་བ། ཉེས་པ་མི་འབྱུང་བ། སྲུང་བ། བསྒྱུར་བའི་གནད་ཐམས་ཅད་འདུས་ཚུལ། འབྲས་བུ་མངོན་གྱུར་གདམས་ངག་གི་ཆེ་བ་བརྗོད་པས་མཇུག་བསྡུས་ཏེ་བསྟན་པའི་དོན་ཉམས་སུ་ལེན་པ་གལ་ཆེ་བར་གདམས་པའོ། །
དེ་དག་གིས་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་མཐུས།
དེ་ལྟར་དབང་བསྐུར་བས་སྡིག་པ་སྤྱི་དང་ཉམས་ཆགས་སྦྱངས༔
ནད་གདོན་དང་རྐྱེན་ངན་བར་ཆད་ཞི༔
ཉམས་དང་རྟོགས་པ་འཕེལ༔
མཐར་ཐུག་སྐུ་བཞི་མངོན་དུ་འགྱུར་བ་གདོན་མི་ཟའོ༔
ཞེས་རྡོ་རྗེའི་ཚིག་གིས་རྗེས་སུ་གདམས་པ་ལྟར་དགོས་པ་ཕན་ཡོན་ཆེན་པོའི་དབང་ཐོབ་པའི་སྲོག་དམ་ཚིག་གིས་བཟུང་དགོས་པས་རྡོ་རྗེའི་ཡལ་གམ་ལས་མི་འདའ་བར་ཁས་བླང་པ་འདིའི་རྗེས་ཟློས་མཛོད།
གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །
དེ་དག་ཐམས་ཅད་བདག་གིས་བགྱི། །
དབང་བསྐུར་ཟབ་མོའི་རྒྱུད་སྨིན་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ།
ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །
རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །
སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །
འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །
ཏྲཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་ས་པ་ར་ན་ས་མ་ཡེ་ཨཱཿཧཱུྃ། །
སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་དངོས་པོ་ཐམས་ཅད་ལྟོས་མེད་དུ་འབུལ་ན་ཆ་ཤས་ནས་བཟུང་སྟེ་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད།
དེང་ནས་བརྩམས་ཏེ་བདག་བྲན་དུ། །
ཁྱེད་ལ་བདག་ནི་འབུལ་ལགས་ན། །
ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །
ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །
དབང་བསྐུར་ཐོབ་པའི་དགེ་རྩ་གཞན་དོན་དུ་བསྡོ་བར་ཞུ།
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །
ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཤིང༌། །
སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །
སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །
ཚོགས་དང་གཏོར་སྐྱོངས་སོགས་རྗེས་ཀྱི་ལས་རིམ་རྣམས་དཀྱུས་ལྟར་མཐའ་རྒྱས་སུ་བྱས་པས་གྲུབ་བོ། །
དེའི་རྟེན་འབྲེལ་ཉེས་སེལ་གྱི་གདམས་པ་ཟབ་མོའི་དབང་བསྐུར་རྒྱས་པའི་མཚམས་སྦྱོར་སྨོས་ཟིན་པའོ།
