རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་ཟབ་མོ་རྒྱས་འབྲིང་བསྡུས་གསུམ་གྱི་བྱིན་རླབས་དབང་གི་མཚམས་སྦྱོར་ཀུན་ཕན་དགེ་ལེགས་བདུད་རྩིའི་སྣང་བ་ལས། རྟེན་འབྲེལ་ཉེས་སེལ་འབྲིང་པོའི་དབང་།
༄༅། །རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་ཟབ་མོ་རྒྱས་འབྲིང་བསྡུས་གསུམ་གྱི་བྱིན་རླབས་དབང་གི་མཚམས་སྦྱོར་ཀུན་ཕན་དགེ་ལེགས་བདུད་རྩིའི་སྣང་བ་ཞེས་བྱ་བ་བཞུགས།
༈ གཉིས་པ་ཉེས་སེལ་འབྲིང་པོའི་དབང་ལ།
བཤམ་བཀོད་རྒྱས་པ་ལྟར་ལ། མདོ་སྔགས་ཀྱི་ཆོ་ག་འབྲིང་པོ་གཞུང་ལྟར་དང༌། བར་མཚམས་ཀྱི་བཟླས་པ་མང་ཉུང་སྟབས་བསྟུན་དང༌། སྤེལ་ཚིག་རྣམས་རྒྱས་པའི་འགྲོས་ལྟར་དང༌།
བུམ་བཟླས་དབང་ལེན་བཅས་ཟིན་ནས་དབང་དངོས་ལ། ཁྲུས་ནས་དབྱུང༌། བགེགས་ལ་བཀའ་བསྒོ། སྲུང་འཁོར་བཅས་སྔོན་དུ་འགྲོ་བས། མཚམས་སྦྱོར་གྱི་ཁྱད་པར།
དེ་ལ་འདིར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ཆོས་དབྱིངས་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་ལས་མ་འདས་ཀྱང༌།
རྟེན་འབྱུང་འགག་མེད་ཀྱི་རོལ་པ་ཅིར་ཡང་འཆར་བའི་བྱེད་ལས་དག་པ་མ་དག་པ། ལེགས་ཉེས་བདེ་སྡུག་སྣ་ཚོགས་སྒྱུ་མ་ཆུ་ཟླ་བཞིན་འགོག་མེད་དུ་འཆར་བས་ཕན་གནོད་དུ་མ་ཞིག་འབྱུང་བ་ལ།
ཐབས་དང་མན་ངག་གི་ནུས་པས་ཉེས་པ་གསོ་ཞིང་མི་འབྱུང་བ་དང༌། སྲུང་བ། ལེགས་ཚོགས་སྤེལ་བའི་རྒྱུ་རྐྱེན་ཀུན་ལས་མཐུ་དང༌། ནུས་སྟོབས་ཆེ་ཞིང༌། ནམ་ཡང་མི་བསླུ་བའི་གསང་སྔགས་བླ་མེད་ཀྱི་ལྷ་སྔགས་དང༌། ལྟ་དགོངས་ཏིང་འཛིན་གྱི་རིམ་པ་རྨད་དུ་བྱུང་བ་སྟེ།
དེའི་ཚུལ་བྱ་སླ་ཁྱེར་བདེའི་བྱིན་རླབས་ཀྱི་རྟགས་མཚན་མ་ཉམས་པ་རྟེན་འབྲེལ་ཉེས་སེལ་གྱི་ཆོ་ག་ཡིད་བཞིན་ནོར་བུ་ལྟ་བུའི་གདམས་པ་སྐལ་བཟང་ཕན་བདེའི་བཙས་སུ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོས་མཛད་དེ།
གསང་འཛིན་ཡེ་ཤེས་མཚོ་རྒྱལ་དང༌། སྣ་སྣམ་རྡོ་རྗེ་བདུད་འཇོམས་ལ་ཆེད་དུ་གདམས་ནས་རིན་ཆེན་ས་ཡི་གཏེར་དུ་སྦས་པ་གཏེར་ཆེན་ལས་རབ་གླིང་པས་གངས་ཅན་ཕན་བདེའི་བཙས་སུ་སྤྱན་དྲངས་ཏེ་སྤེལ་བའི་སྣོད་བཅུད་ཕྱི་ནང་གསང་བའི་རྟེན་འབྲེལ་ཉེས་པ་ཀུན་སེལ་གྱི་ཆོ་ག་འབྲིང་པོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ།
ལྷ་དང་བླ་མ་དབྱེར་མེད་དུ་ཤེས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།
ཐམས་ཅད་རིག་པ་རང་སྣང་གི༔
ལྷ་དང་བླ་མ་དབྱེར་མེད་དགོངས༔
སྐུ་བཞིའི་ངོ་བོར་བདག་སྒྲུབ་ཕྱིར༔
རང་གནས་རང་དབང་བསྩལ་དུ་གསོལ༔
ལན་གསུམ།
དབང་གི་སྔོན་འགྲོ་ལམ་ལོག་པ་ལས་སྐྱོབ་པའི་ཕྱིར་མཆོག་གསུམ་ཀུན་འདུས་སྐྱབས་གནས་གཅིག་ཆོག་བླ་མ་རིན་པོ་ཆེར་འདི་ནས་བྱང་ཆུབ་སྙིང་པོའི་བར་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་འགྲོ་བ་དང༌།
ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སྨོན་འཇུག་གི་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གཡར་དམ་བཟུང་བ་དང༌།
ཐེག་པ་ཐམས་ཅད་ཀྱི་ལམ་ཡོངས་རྫོགས་ལ་འཇུག་པའི་ཕྱིར་སོ་བྱང་སྔགས་ཀྱི་སྡོམ་པ་མཐའ་དག་བཟུང་བས་དབང་གི་སྣོད་རུང་དུ་སྒྲུབ་པའི་གཡར་དམ་ལེན་སྙམ་པས་འདིའི་རྗེས་ཟློས་མཛོད།
བླ་མེད་མཆོག་གསུམ་སྐྱབས་སུ་བཟུང༔
བྱང་ཆུབ་སེམས་རབ་བསྐྱེད་པར་བགྱི༔
དམ་ཚིག་སྡོམ་པ་མ་ལུས་ཀུན༔
ཡང་དག་ཉིད་དུ་བདག་གིས་བཟུང༔
ལན་གསུམ།
དེ་ནས་དབང་གི་གཞི་འགོད་པ་བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་ཐོག་མར་རིག་འཛིན་བླ་མ་རྣམས་ཀྱི་ཡེ་ཤེས་དགོངས་པས་བྱིན་དབབ་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད།
ཧཱུྃ་ཧྲཱི༔ རང་ཉིད་གུ་རུ་པདྨ་འབྱུང༔
ཁྲོ་འཛུམ་རྡོ་རྗེ་ཐོད་བུམ་འཛིན༔
རང་མདངས་འོད་ལྔ་མཁའ་ཁྱབ་ཀློང༔
སྣང་སྲིད་ཟིལ་གྱིས་གནོན་པ་ཡི༔
རྩ་གསུམ་ཀུན་གྱི་ཁྱབ་བདག་གསལ༔
རང་སྣང་ཡེ་ཤེས་ལྷ་ཚོགས་རྣམས༔
ཉི་དང་འོད་བཞིན་འབྲལ་མེད་བསྒོམ༔
དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུའི་འོད་ཀྱིས་ཕྱོགས་དུས་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་སྐུ་གསུམ།
ཐོད་ཕྲེང་སྡེ་ལྔ། སྤྲུལ་མཚན་བརྒྱད། རྣམ་འཕྲུལ་བཅུ་གཉིས། འཕྲུལ་མཚན་བཞི་བཅུ། མདོ་སྔགས་ཀྱི་སྟོན་པ་བརྒྱ་རྩ།
ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུ་བཅུ་གསུམ་སོགས་བརྒྱུད་གསུམ་རིག་འཛིན་བླ་མའི་ལྷ་ཚོགས་ཐུགས་རྗེའི་ཤུགས་དྲག་ཏུ་གཡོས་ཏེ་སྐུ་སྔགས་ཕྱག་མཚན་གྱི་རྣམ་པའི་ཆར་སྤྲིན་རླུང་གིས་བསྐྱོད་པ་ལྟར་བྱོན་ནས་སློབ་མ་ལྷར་གསལ་བ་ལ་ཐིམ་པས་ཡེ་ཤེས་དགོངས་པའི་རྩལ་གྱིས་དབང་དང་བྱིན་རླབས་བསྩལ་བའི་མོས་པ་མཛོད།
ཌཱ་དྲིལ་སྤོས་རོལ་དབྱངས་དང་བཅས་ཏེ།
ཧཱུྃ་ཧཱུྃ༔ ཕྱི་སྣོད་བདེ་ཆེན་པདྨ་འོད༔
ནང་བཅུད་བླ་མ་ཡེ་ཤེས་ལྷ༔
དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔
གཉིས་མེད་བདེ་ཆེན་བྱིན་ཕོབ་ཅིག༔
ཨོཾ་མ་ཧཱ་གུ་རུ་སརྦ་ས་མ་ཡ་ཕེཾ༔
དེ་ཝ་ཌཱ་ཀི་ནི་སརྦ་ས་མ་ཡ་ཕེཾ༔
ཧ་རི་ནི་ས་སརྦ་ས་མ་ཡ་ཕཻཾ༔
བཛྲ་ཨ་བེ་ཤ་ཡ་ཧོཿ
གཉིས་པ་ཡི་དམ་ལྷ་ཚོགས་རྣམས་ཀྱི་དངོས་གྲུབ་འདོད་དགུའི་བྱིན་དབབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད།
ཧྲཱིཿཧྲཱིཿཧུ་ལུ་ཧུ་ལུ་ཧྲཱིཿ
རང་ཉིད་དབང་ཆེན་རྟ་མགྲིན་དམར༔
གཅེར་བུ་ཐོད་དབྱུག་ཞགས་པ་ཅན༔
སྤྱི་བོར་རྟ་གདོང་རྟ་སྐད་སྒྲོགས༔
རྩ་གསུམ་ལྷ་ཚོགས་སྤྱན་དྲངས་ཐིམ༔
ཞེས་བརྗོད་པས་སྣང་སྲིད་ཐམས་ཅད་ཆེ་མཆོག་པདྨ་དབང་གི་དཀྱིལ་འཁོར་དུ་ལྷུན་གྱིས་རྫོགས་པའི་ཕྱག་རྒྱར་སད་དེ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་རྣམས་ཀྱི་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་ཆར་བབ་པ་ལྟར་བྱོན་ནས་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པའི་བྱིན་དབབ་པར་མོས་ཤིག །
སྤོས་རོལ་སྔགས་དང་བཅས་ཏེ།
ཧྲཱི༔ མཁའ་དབྱིངས་ཀུན་ཁྱབ་འོག་མིན་ཞིང༔
སྣང་སྲིད་དབང་ཆེན་རོལ་པའི་ལྷ༔
དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔
གཉིས་མེད་བདེ་ཆེན་བྱིན་ཕོབ་ཅིག༔
ཨོཾ་མ་ཧཱ་གུ་རུ་སརྦ་ས་མ་ཡ་ཕེཾ༔
དེ་ཝ་ཌཱ་ཀི་ནི་སརྦ་ས་མ་ཡ་ཕེཾ༔
ཧ་རི་ནི་ས་སརྦ་ས་མ་ཡ་ཕེཾ༔
བཛྲ་ཨ་བེ་ཤ་ཡ་ཧོཿ
གསུམ་པ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཐུན་མོང་ཁྱད་པར་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་བྱིན་དབབ་པའི་དམིགས་པ་འདི་བཞིན་མཛོད།
བྃ་བྃ་བཛྲ་ཝ་ར་ཧི་ཧྲཱིཾ་ཧྲཱིཾ༔
རང་ཉིད་རྡོ་རྗེ་ཕག་མོ་མཐིང༔
གཅེར་མོ་གྲི་གུག་ཐོད་ཁྲག་ཅན༔
རྣ་ལྟག་ཕག་ཞལ་ངུར་སྒྲ་སྒྲོགས༔
བདེ་གཤེགས་གྲངས་མེད་སྤྱན་དྲངས་ཐིམ༔
ཞེས་དམིགས་པས་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་ཡུལ་དུར་ཁྲོད་རྣམས་སུ་བཞུགས་པའི་དཔའ་བོ་མཁའ་འགྲོ་རབ་འབྱམས་ཀྱི་ཚོགས་ཐམས་ཅད་ཆར་སྤྲིན་རླུང་གིས་བསྐྱོད་པ་ལྟར་བྱོན་ནས་བདེ་སྟོང་ལྷན་སྐྱེས་ཀྱི་རྟོགས་པའི་ཉམས་རྩལ་སྤར་ཞིང་མཆོག་གི་དགོངས་པའི་དྲོད་མངོན་སུམ་དུ་ཐོབ་པར་མོས་ཤིག །
ཌཱ་དྲིལ་དབྱངས་དང་བཅས་ཏེ།
ཧཱུྃ༔ ཕྱི་སྣོད་རང་བྱུང་ཨུ་རྒྱན་ཡུལ༔
ནང་བཅུད་རྡོ་རྗེ་ཕག་མོའི་སྐུ༔
དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས༔
གཉིས་མེད་བདེ་ཆེན་བྱིན་ཕོབ་ཅིག༔
ཨོཾ་མ་ཧཱ་གུ་རུ་སརྦ་ས་མ་ཡ་ཕེཾ༔
དེ་ཝ་ཌཱ་ཀི་ནི་སརྦ་ས་མ་ཡ་ཕེཾ༔
ཧ་རི་ནི་ས་སརྦ་ས་མ་ཡ་ཕེཾ༔
བཛྲ་ཨ་བེ་ཤ་ཡ་ཧོཿ
དེ་ལྟར་བྱིན་དབབ་པའི་ཡེ་ཤེས་ཀྱི་རྒྱུན་བརྟན་པར་བྱས་པའི་མོས་པ་མཛོད།
ཛཿཧཱུྃ་བྃ་ཧོཿ
ཏིཥྛ་བཛྲས་མེ་ཏོག་འཐོར་ཞིང་སྤྱི་བོར་རྡོ་རྗེས་རྒྱས་གདབ་བོ། །
གཉིས་པ་དབང་དངོས་ལ་ལྔ་ལས།
དང་པོ་བུམ་པ་སྣོད་བཅུད་ཡོངས་རྫོགས་རིག་འཛིན་བླ་མ་རྩ་གསུམ་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་ཆེན་པོ་རང་བྱུང་གསལ་རྫོགས་སུ་བཞུགས་པ་སྤྱི་བོར་བཞག་ཅིང་བྱིན་རླབས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་སྣང་སྟོང་སྤྲུལ་སྐུའི་བྱིན་རླབས་ཚིག་རྫོགས་སུ་སད་པར་མོས་མཛོད།
རྣམ་བུམ་གྱི་དབང་བསྐུར་ལ།
ཨོཾ༔ རྡོ་རྗེ་མི་ཕྱེད་སྐུའི་བདག་ཉིད༔
བདེ་གཤེགས་ཐམས་ཅད་འདུས་པའི་སྐུ༔
རྣམ་རྒྱལ་བུམ་པའི་དབང་མཆོག་བསྐུར༔
སྤྲུལ་པའི་སྐུ་རུ་མཛད་དུ་གསོལ༔
ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ༔
བུམ་ཆུ་སྦྱིན།
དེ་ལྟར་སྐུ་བུམ་པའི་དབང་ཐོབ་པས། སྣང་བཅས་ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །
གཉིས་པ་གསང་བའི་དབང་གི་སླད་དུ།
བླ་མ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ཧེ་རུ་ཀ་འདུས་པའི་བདག་ཉིད་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་བདུད་རྩི་ལྕེ་ལ་བཞག་པ་གསང་བའི་དབང་བསྐུར་བས་གསལ་སྟོང་ལོངས་སྐུ་བདེ་བ་ཆེན་པོའི་དབང་ཐོབ་པར་མོས་ཤིག །
བྷནྡྷའི་ནང་རྫས་སྦྱིན་ལ།
ཨཱ༔ རྡོ་རྗེ་མི་ཕྱེད་གསུང་བདག་ཉིད༔
བདེ་གཤེགས་ཐམས་ཅད་འདུས་པའི་གསུང༔
བདེ་ཆེན་གསང་བའི་དབང་མཆོག་བསྐུར༔
ལོངས་སྤྱོད་རྫོགས་སྐུར་མཛད་དུ་གསོལ༔
ཨཱཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔
དེ་ལྟར་གསང་བའི་དབང་ཐོབ་པས་ཕྱེད་སྣང་ངག་གི་སྒྲིབ་པ་དག །རང་བྱིན་རླབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །
གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ།
བླ་མ་བདེ་བ་ཆེན་པོ་ཆོས་སྐུའི་ཡེ་ཤེས་སད་པའི་སླད་དུ་མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་གཞོན་ནུ་སྤྲོས་ཏེ་གསང་བའི་རེག་པ་སྤྲོད་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་བདེ་སྟོང་ཆོས་སྐུ་རྣམ་པར་མི་རྟོག་པའི་དབང་ཐོབ་པར་མོས་ཤིག །
རིག་ཙཀ་བསྟན་ལ།
ཧཱུྃ༔ རྡོ་རྗེ་མི་ཕྱེད་ཐུགས་བདག་ཉིད༔
བདེ་གཤེགས་ཐམས་ཅད་འདུས་པའི་ཐུགས༔
ཤེས་རབ་ཡེ་ཤེས་དབང་མཆོག་བསྐུར༔
ཆོས་ཀྱི་སྐུ་རུ་མཛད་དུ་གསོལ༔
ཧཱུྃ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ།
ཞེས་གཏད་པས་གཟུངས་མ་ལ་འདུ་ཤེས་གསུམ་གྱིས་སྙོམ་པར་ཞུགས་པས་དཔེ་ཡི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་མཛོད།
དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་མི་སྣང་ཡིད་ཀྱི་སྒྲིབ་པ་དག །ལྷན་སྐྱེས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་བདེ་སྟོང་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །
བཞི་པ་ཚིག་དབང་རིན་པོ་ཆེའི་སླད་དུ་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་དང་རྡོ་རྗེའི་ཚིག་གི་ངོ་སྤྲད་པར་མོས་ཤིག །
མན་ཤེལ་བསྟན་ལ།
ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས༔
བདེ་གཤེགས་གསང་གསུམ་ཀུན་བདག་ཉིད༔
རིག་རྩལ་བརྡ་ཚིག་དབང་མཆོག་བསྐུར༔
ངོ་བོ་ཉིད་སྐུ་མཛད་དུ་གསོལ༔
ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔
ཞེས་ངོ་སྤྲད་པ་ལ་བརྟེན་ནས་གནས་ལུགས་དོན་གྱི་བླ་མ་ངོ་བོ་ཉིད་སྐུའི་རང་ཞལ་མངོན་དུ་གྱུར་པར་མོས་མཛོད།
དེ་ལྟར་དབང་བཞི་པ་བསྐུར་བས་སྣང་གསུམ་འཕོ་བའི་སྒྲིབ་པ་དག །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །
དེ་ལྟར་དབང་བཞིའི་རྒྱུད་སྨིན་པར་བྱས་ཏེ་རྟེན་འབྲེལ་ལེགས་ཚོགས་ཀུན་གྱི་རྩ་བ་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་དགོངས་པ་མངོན་དུ་གྱུར་ན། ཉེས་ཚོགས་རྒུད་པས་ནམ་ཡང་མི་ཚུགས་ཤིང་ལེགས་དགུའི་དཔལ་གྱིས་འབྱོར་བར་ངེས་པས་རྫོགས་རིམ་གནད་ཀྱི་མཐར་ཐུག་རྡོ་རྗེའི་ཚིག་ཏུ་གདམས་པ་ནི།
གནད་ཟབ་རྫོགས་རིམ་མཐར་ཐུག་ནི༔
གློ་བུར་རྟོག་ཚོགས་ཡུལ་སྣང་བཅས༔
རྟེན་འབྲེལ་ལས་སྐྱེས་སྐྱེ་བ་མེད༔
སྟོང་པའི་རང་བཞིན་ཁོ་ནའོ༔
དེ་ལ་འཛིན་རྩོལ་བྱར་མེད་དོ༔
མ་བཅོས་རིག་པ་གཉུག་མའི་གཤིས༔
རྟོག་བྲལ་ནམ་མཁའི་རྡོ་རྗེ་ནི༔
ཡེ་སྟོང་རང་གསལ་ཟང་ཐལ་ཉིད༔
མི་གཡོ་ཤེས་བྱ་ཤེས་བྱེད་མེད༔
རང་གིས་རང་གསལ་ཐེ་ཚོམ་སོགས༔
སྒྲོ་སྐུར་ཆིག་ཆོད་ངང་ཉིད་དུ༔
བློ་ཡིས་མ་བཞག་རང་བབ་གནས༔
དུས་གསུམ་འཕོ་འགྱུར་མེད་པའོ༔
དེ་ལ་ཉེས་ཚོགས་ཡོད་མི་སྲིད༔
ཐམས་ཅད་རང་གྲོལ་བདེ་ཆེན་ངང༔
མ་བརྩལ་རང་གནས་སངས་རྒྱས་འགྲུབ༔
སངས་རྒྱས་གཞན་དུ་བཙལ་མེད་དོ༔
ཞེས་གདམས་པའི་དོན་གཙིགས་སུ་བྱ་དགོས་པ་ལགས་སོ། །
དེས་རྟེན་འབྲེལ་ཉེས་སེལ་ཆོ་ག་འབྲིང་པོའི་དབང་ཁྲིད་གྲུབ་པས་སོགས་དམ་ཚིག་ཁས་བླང༌།
མཎྜལ། ལུས་འབུལ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས། ཚོགས་མཆོད་དང་རྗེས་རིམ་བཅས་མཐར་དབྱུང་བའོ།
