ཨོ་རྒྱན་ཆེན་པོའི་གསོལ་འདེབས་བར་ཆད་ལམ་སེལ་སྙིང་པོའི་དོན་བསྡུས་ཐུགས་རྗེས་གློག་ཞགས༔
༄༅། །ཨོ་རྒྱན་ཆེན་པོའི་གསོལ་འདེབས་བར་ཆད་ལམ་སེལ་སྙིང་པོའི་དོན་བསྡུས་ཐུགས་རྗེས་གློག་ཞགས་བཞུགས༔
ཨོཾ་ཨཱཿཧཱུྃ༔
ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔
སྤྲུལ་པའི་སྐུ་སྤྲུལ་པདྨ་ཐོད་ཕྲེང་རྩལ༔
ཐུགས་དམ་རྒྱུད་བསྐུལ་བརྩེ་ཆེན་སྤྱན་གྱིས་གཟིགས༔
བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས༔
ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ༔
རྒྱ་གར་ཡུལ་དུ་སྐུ་འཁྲུངས་སྒྲོ་འདོགས་ཆོད༔
ཡེ་ཤེས་མཁའ་འགྲོའི་བྱིན་རླབས་དངོས་གྲུབ་ཐོབ༔
རླུང་སེམས་དབང་ཐོབ་རྫུ་འཕྲུལ་མངའ་བརྙེས་ཤིང༔
ཌཀྐཱིའི་བྱིན་བརླབས་མཁའ་འགྲོའི་ཚོགས་དཔོན་མཛད༔
གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔
བོད་ཀྱི་ཡུལ་དུ་ལྷ་སྲིན་དམ་ལ་བཏགས༔
གཙུག་ལག་རྟེན་བཞེངས་མངའ་བདག་དགོངས་པ་རྫོགས༔
སྒྲུབ་གནས་བྱིན་བརླབས་གཏེར་གྱི་གཉེར་ཁ་སྦས༔
སྙིགས་དུས་སེམས་ཅན་དོན་དུ་ཐུགས་རྗེ་རྨད༔
གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔
ལྔ་ཕྲག་ཐ་མའི་འགྲོ་བ་སྡུག་བསྔལ་གྱིས༔
ནོན་ཚེ་སྐྱོབས་པའི་ཕྲིན་ལས་རྣམ་བཞི་ཡིས༔
ཐུགས་རྗེས་རྗེས་སུ་འཛིན་པར་ཞལ་བཞེས་བཞིན༔
རྔ་ཡབ་གླིང་ནས་ཐུགས་རྗེས་ཉེ་བར་དགོངས༔
གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔
ད་ལྟ་བོད་འབངས་སྡུག་བསྔལ་དྲག་པོ་ཡིས༔
གཟིར་ཚེ་ཁྱོད་ལས་རེ་ས་གཞན་མེད་པས༔
ཁྱོད་ལ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔
དགྲ་གདོན་བགེགས་དང་བར་ཆད་རྐྱེན་བཟློག་ཅིང༔
ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ༔
ཨོཾ་ཨཱཿཧཱུྃྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃྃ༔
ཞེས་པ་འདི་ཡང་དུས་ངན་མངོན་ཕྱོགས་མོས་རྩེ་ལྕགས་ལ་མི་དབང་མཆོག་གི་སྐུ་ཚེའི་བར་ཆད་བཟློག་ཕྱིར་གཏེར་མིང་འཛིན་པ་ཁྲག་འཐུང་དཔའ་བོའི་རིག་རྩལ་གང་ཤར་ཐོལ་བྱུང་དུ་སྨྲས་པ་ཡི་གེ་པ་ནི་སློབ་བུ་རས་སྨའི་མིང་ཅན་གྱིས་བགྱིས་པའོ༔
