བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཀློང་ཆེན་སྙིང་ཐིག་གི་གཏུམ་མོའི་གདམས་པ་ལག་ལེན་ལ་འདེབས་ཚུལ།

English | བོད་ཡིག

༄༅། །ཀློང་ཆེན་སྙིང་ཐིག་གི་གཏུམ་མོའི་གདམས་པ་ལག་ལེན་ལ་འདེབས་ཚུལ་བཞུགས་སོ། །

རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་མཆོག་གི་ཞབས་པད་དྲི་མ་མེད་པར་གུས་པ་ཆེན་པོས་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་བྱིན་གྱིས་རླབས་པར་མཛད་དུ་གསོལ། དེ་ཡང་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་གཏུམ་མོའི་གདམས་པ་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལ། དབང་བཞིའི་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་ན་བཟའ་སྲབ་མོ་ལ་བརྟེན་ནས་ལུས་ལ་དྲོད་འབར་ཙམ་དོན་དུ་གཉེར་བྱ་མ་ཡིན་ལ། མ་དག་པའི་རྩ་རླུང་ཐིག་ལེའི་ཁམས་རྣམས་རྒྱལ་བའི་གསང་བ་གསུམ་གྱི་རང་བཞིན་དུ་བསྒྱུར་བའི་ལམ་རྟགས་སུ་བདེ་དྲོད་དང་རྟགས་བཅུ་ཡོན་ཏན་བརྒྱད་ལ་སོགས་སྙིང་རུས་ཆེ་ཆུང་དང་མཐུན་པ་འབྱུང་བར་གསུང་བཞིན་ལག་ལེན་གྱི་ཐོག་མར་རླུང་ཆས་ཨང་རག་རང་དང་འཚམས་པ་ལས་ཚད་གཅིག་ཏུ་བཟུང་རྒྱུ་མེད་ཅིང་འདོམ་འདོམས་བར་གྱི་སྣམ་བུ་ཁེར་རྐྱང་གིས་རྡབ་།བརྡབ་རྡུང་བརྡུང་སོགས་མི་སྐྱོབས་པས་རྒྱབ་ཕྱོགས་ཀྱི་ཕུར་མའི་མགོ་ནས་བལ་ཐིག་ཟུང་ཞིག་ཚེམ་བཙེམ་དྲུབ་སྲབ་སྲ་མོ་བྱས་ནས་གསང་གནས་ཀྱི་ཐད་དུ་ཕྱིང་པ་བ་འུར་མཐིལ་འདྲ་མོ་ཐིག་གུ་བསྣོལ་མཚམས་སུ་འོང་བར་བྱས་ནས་མདུན་ངོས་ཀྱི་སྣེ་གཉིས་སྐ་རགས་ཀྱི་ཚུལ་དུ་འཕུར་མའི་མགོ་ནས་དཀྲིས་ཤིང་མི་ལྷོད་ཐབས་བྱས་ནས་ཡན་ལག་སྐྱེས་རྩ་ཕྱིང་པས་བཏུམ་ནས་ལྟེམས་པས་འབེབས་སོགས་ཀྱིས་གནོད་པར་མི་འགྱུར་ཞིང་། འབོལ་གདན་མེད་ཐབས་ཆག་ཡིན་ལ་དེའི་སྟེང་དུ་ཀོ་གདན་འཇམ་པོ་ཁོད་མཉམ་བཏིང་། སྒོམ་ཐག་ནི་ཕྲུག་དམར་ཞིང་གཉིས་ཁ་སྦྱོར་བའོ། །ཡང་ན་ཞིང་གཅིག་གཉིས་ལྟེབས་ཀྱིས་ཚེམས་ཤིང་། སྲུབ་དཀྱིལ་ནང་ལ་ཡོད་རྒྱུ་བྱས་ནས་ཤ་ལ་བཅར་རྒྱུ་དང་། སྲིད་དུ་བཞི་ཁུག་མགོ་ལ་དཀྲིས་པས་འཆང་བ་དོ་རིང་ཚད་དང་། འཆང་གང་ཚད་ལས་ཅི་འཛོམས་ཀྱིས་ཆོག །རྩ་རླུང་སྦྱང་སྐབས་རས་དཀར་གྱི་གཟན་དཀར་མནབ་སྲོལ་ཡོད་པ་འཛོམས་ན་དང་། མིན་ཀྱང་ཨ་རྡིའི་གཟན་གྱིས་ཆོག །རྩ་རླུང་སྦྱང་ཚད་བརྒྱ་ཞག་གམ་ཞག་ལྔ་བཅུ། ཟླ་རེར་བར་མ་ཆད་དུ་སྦྱང་ན་དང་པོ་ཆུ་དྲོན་གྱིས་ལུས་བཀྲུ་ཞིང་། ཕྱེ་འཕུར་བྱུགས་ནས་ཉི་མར་བསྲོ་བའི་ཕྱག་ལེན་ཡོད་ནའང་། དེ་ལྟར་མཛད་མིན་ཅི་རིགས་འདུག་པས་མ་བྱས་ཀྱང་ཆོག་མོད། རླུང་ར་ནི་མིའི་རྒྱུ་འགྲུལ་དབེན་སར། གཞན་གྱིས་མི་མཐོང་བའི་རིབ་མའམ། ཡང་ན་ནག་ཚང་ངམ། ར་བ་སོགས་གལ་ཆེ་བས་སྟ་གོན་གྱི་རིམ་པ་སླ་ཆོས་དེས་ཆོག་མི་བྱེད་པར་ལག་ལེན་ཐེབས་ངེས་བྱེད།

༈ དངོས་གཞི་ནི། རླུང་རར་ཕྱིན་ཏེ་སྡེ་བརྒྱད་མཆོད་པ་དང་ཆ་གསུམ་གང་འཛོམས་བྱེད། དེ་ནས་དགོང་མོ་དབང་གི་དུས་སུ་མགོ་འཛིན་དགོས་པས་ཕྱི་ཐུན་བསྡམ་པ་དང་ཆབ་གཅིག་རང་གི་གདན་ལ་འཁོད་དེ་གཏུམ་མོའི་ཉམས་ལེན་ལ་འཇུག་དགོས་པ་ཡིན་ནོ། །

༈ དེ་ཡང་སྨིན་གྲོལ་གདམས་པ་རང་ཉམས་སུ་བླང་བའི་ཐོག་མར་བླ་མས་གཏུམ་མོར་འཇུག་ངེས་ཀྱི་སློབ་མ་དག་ལ་རྩ་བ་གསུམ་གྱི་དབང་བསྐུར་གྱིས་རྒྱུད་སྨིན་པར་བྱས་ནས་སྐབས་སུ་བབས་པ་ན། སློབ་མ་རྣམས་ལ་གཏུམ་མོའི་གདམས་པ་འབོག་པ་ནི། བདེ་སྟོང་རླུང་གི་རྫོགས་རིམ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་ལས།
དང་པོ་མལ་ནས་ཧར་ལང་སྟེ༔
ལྟོ་སྟོང་རླུང་རིག་དྭངས་པའི་ཚེ༔
སྔོན་འགྲོ་སྤྱི་དང་ཁྱད་པར་དུ༔
བླ་མའི་རྣལ་འབྱོར་གནད་དུ་བསྣུན༔
མོས་གུས་གདུང་ཞིང་དབང་བཞི་བླང་༔

ཞེས་པས་གཉིད་སད་ཕྲལ་མགོ་འཛིན་དགོས་ཚུལ་འདི་རྒྱུན་གྱི་རྣལ་འབྱོར་ལྟར་དང་། དེ་བཞིན་རྩ་རླུང་ཁོ་ན་ལ་གནད་དུ་བསྣུན་སྐབས་སུ། ཐུན་ཐམས་ཅད་ཀྱི་ཐོག་མར་གཞུང་འདི་ཉིད་ཀྱི་སྔོན་འགྲོ་ཚང་མ་བཏང་རྗེས།

དངོས་གཞི་ལུས་གནད་དྲང་པོར་བསྲང་༔ རང་ཉིད་རིག་འཛིན་རྡོ་རྗེ་ཆོས༔

སོགས་དཀྱུས་ལྟར་དམིགས་པ་ཕོག་ནས་བྱང་ཆུབ་པར་བྱས་ནས་རླུང་རོ་ཕྱུང་ཚེ།

རོ་རྐྱང་གཉིས་ནས་ལས་ཀྱི་རླུང་༔
གཡས་གཡོན་རེས་མོས་བདུན་བདུན་འབུད༔

གསུང་པ་ལྟར་ལན་བདུན་རེ་ཕྱིར་འབུད་དགོས་གསུང་བཞིན་གྲངས་བཅུ་བཞི་བར་འབུད་པའམ། མིན་ཡང་གཡས་གཡོན་དབུས་གསུམ་ནས་དུག་གསུམ་གྱི་རླུང་ཁ་དོག་དཀར་ནག །དམར་ནག །མཐིང་ནག་གསུམ་ལན་གྲངས་དགུར་བུས་པས།

ཉོན་མོངས་ལྔ་དང་འབྱུང་བ་ལྔ༔
བརྟེན་པའི་རླུང་དུག་སངས་ཀྱིས་ཐོན༔
རྩ་སྦུག་སྐྱོན་དང་བྲལ་བར་བསམ༔
དེ་ནས་ཧ་ཞེས་དབུགས་བཏང་ལ༔
ངལ་བསོ་ཤེས་པ་རྣལ་དུ་ཕབ༔

གསུང་པ་ལྟར་ཉམས་སུ་བསྟར་ཏེ་དེ་ཡན་ཆོས་ཐུན་གཅིག་བྱས་ནས་ཞག་གསུམ་ཙམ་བྱའོ། །ཐུན་རྗེས་རྣམས་སུ་མི་དམིགས་པར་འཇོག་པ་ནི་ཀུན་ལ་འགྲོས་སུ་བྱའོ། །འདིར་ཐུན་མགོར་རླུང་རོ་བསལ་ཞིང་དེ་རྗེས་འཁྲུལ་འཁོར་བསླབ་ན་ལེགས།

ཆོས་ཐུན་གཉིས་པ་ནི།

དེ་ནས་སྙིང་གུར་སྨུག་པོའི་དབུས༔

སོགས་ནས།

ཞལ་ཤེས་གནད་དང་ལྡན་པ་ཡིས༔

ཞེས་པ་ནི་འབྱུང་བ་མ་བུ་དགྲ་གྲོགས་བླང་དོར་གོ་ལྡོག་ཏུ་མ་གྱུར་པ་བཞིན། ནམ་མཁའི་རླུང་ཀུན་ལ་ཤིས་པས། རླུང་རོ་བསལ་རྗེས་རླུང་ནང་དུ་རྔུབ་པ་དང་ཆབ་ཅིག །དམིགས་པ་ནི། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་འབྱུང་བ་ལྔའི་ཁམས་ཀྱིས་བསྡུས་པའི་བཅུད་དང་དཔལ་ཡོན་ཐམས་ཅད་རླུང་ཁ་དོག་མཐིང་གའི་རྣམ་པས་ནམ་མཁའ་དང་དབྱེར་མེད་དུ་འདྲེས་ནས་ཡུར་བར་ཆུ་དྲངས་པའི་ཚུལ་གྱིས་མདུན་ནས་ཚུར་བྱུང་བ་སོར་བཅུ་གཉིས་ཙམ་གྱི་མཚམས་ནས་གཉིས་སུ་གྱེས་ཏེ། སྤོས་དུད་བཞིན་དུ་སྣ་བུག་གཉིས་ནས་ཞུགས་ཤིང་དབུ་མའི་མར་སྣེར་སླེབ་ཚེ་གྱེན་དུ་འཕྱུར་ཏེ་དབུ་མའི་དཀྱིལ་དྲང་པོ་ནས་མྱུར་བའི་ཚུལ་གྱིས་ཀུན་ཏུ་བཟང་པོའི་ཐུགས་དབུས་ཨ་ཡིག་ལ་ཐིམ་པར་བསམ་མོ། །རླུང་ཁུག་ཞེས་པ་ནི། སྤྱིར་སྦྱོར་བ་བཞི་ལྡན་གྱི་གནད་དང་ལྡན་པས་ནང་དུ་གང་ཐུབ་བཟུང་ནས་ཕྱིར་དབྱུང་བ་ལ་ངོས་འཛིན་དགོས་ཤིང་། སྦྱོར་བ་བཞི་ལྡན་ནཱ་རོས། རྔུབ་དང་དགངས་དང་གཞིལ་བ་དང་། ། མདའ་ལྟར་འཕང་དང་རྣམ་པ་བཞི། ། སྦྱོར་བ་བཞི་ལྡན་མ་ཤེས་ན། ། ཡོན་ཏན་སྐྱོན་དུ་འགྱུར་ཉེན་ཡོད། ། གསུང་པ་ལྟར་བཤད་མ་ཐག་པ་བཞིན་ནང་དུ་རྔུབ་པ་དང་། ལྟོ་བ་དགངས་ཤིང་ཁོག་པའི་སྟོད་དུ་མི་ཤོར་བ་དང་། མི་ཐུབ་ཚེ་ལག་པ་གཡས་གཡོན་ལུས་ཚུགས་དེ་ཀའི་ངང་ནས་གྲུ་མོ་གཡས་གཡོན་ལན་གསུམ་རེ་ཙམ་གཅུད་སྐོར་དང་། གཉིས་ཀས་མཉམ་དུ་དེ་ལྟར་བྱས་རྗེས་རླུང་སྒྲ་མེད་པར་དལ་བུའི་ངང་ནས་སྣ་བུག་གཉིས་ཅུང་ཟད་བགྲད་ཅིང་བཏེགས་པའི་ཚུལ་གྱིས་དབྱུང་དུས་སྔ་མ་ལྟར་དམིགས་གནད་དང་ལྡན་པས་ཨ་ཡིག་ལ་བསྟིམ་མོ། ། རླུང་ཁུག་བརྒྱ་འམ་བདུན་ཅུ་ཐམ༔
སོགས་ནས་ གསང་སྔགས་ཀུན་གྱི་འབྲས་བུ་ཡིན༔

ཞེས་ཡན་ཆད་གཞུང་ལྟར་དང་། དེ་ལྟར་སྐྱིལ་ཀྲུང་མཉམ་བཞག་དང་བཅས་རླུང་བཟུང་ནས་གྲོགས་གཞན་ཞིག་གིས་དལ་བྲེལ་རན་པར་ལག་པ་གཡས་ཀྱི་ཐལ་མོས་པུས་མོ་གཡས་གཡོན་དཔྲལ་བ་བཅས་ལ་སེ་གོལ་རྡེབ་པ་བཅས་ཚར་རེ་བརྩིས་པའི་བརྒྱ་རྩ་ལ་བུམ་ཆེན། དེའི་ཕྱེད་བུམ་ཆུང་ངམ་འབྲིང་ཟེར་བའང་སྣང་ཡང་ངོས་བཟུང་དཀའ་བར་འདུག །འདི་ཡན་ཆོས་ཐུན་གཅིག་གོ །

བདེ་སྟོང་རླུང་གི་རྫོགས་རིམ་ལས༔
འབར་འཛག་དྲོད་ཀྱི་རྣལ་འབྱོར་ནི༔
རྩ་གསུམ་སྔ་མ་ཇི་བཞིན་ལས༔

ཞེས་པ་ནས། འབར་འཛག་སྙན་རྒྱུད་ཞལ་ཤེས་ལས།
དང་པོ་རྩ་གནས་བྱིན་རླབས་ནི།
རྩ་དབུ་མ་སྟོང་གསལ་གྱི་ཡར་སྣ་རྒྱ་དཀར་ཁ་ཕྱེས་པ་ལྟ་བུའི་ནང་ཀུན་བཟང་ཡབ་ཡུམ་མགྲིན་པ་ཡན་ཆད་ཐོན་ནས་མས་རིམ་དུ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱྀ་སེངྷ། འཇམ་དཔལ་བཤེས་གཉེན། ཛྙཱ་ན་སུ་ཏྲ། བཱི་མ་མི་ཏྲ། པདྨ་འབྱུང་གནས། དེའི་གཡས་སུ་རྗེ་རྒྱལ་ཁྲི་སྲོང་། གཡོན་དུ་འབངས་བཱཻ་རོ། མདུན་དུ་གྲོགས་ཡེ་ཤེས་མཚོ་རྒྱལ། དེའི་འོག་ཏུ་ཀློང་ཆེན་པ། འཇིགས་མེད་གླིང་པ། ཁ་སྐོང་ནི། རྡོ་གྲུབ། རྗེ་དབོན། བྱང་སེམས་ཀུན་དགའ་སྙིང་པོ། པདྨ་རྡོ་རྗེ། མཁྱེན་བརྩེ་དབང་པོ། བླ་མ་རྒྱལ་མཚན་བཅས་ཐོ་བརྩེགས་སུ་བཞུགས་པར་གསལ་ནས། ཨེ་མ་ཧོཿ དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ནཿ ཞེས་པའང་ཁ་ཙམ་མ་ཡིན་པའི་གསོལ་འདེབས་ཅི་ནུས་བརྗོད། མཐར་ཞལ་ཤེས་གཞུང་དུ་བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ནས་སོགས། གཏུམ་མོའི་མེ་སྦར་རྒྱུ་ཡན་ཆོས་ཐུན་གཅིག །ཧཾ་ཡིག་ཞུ་བ་ཡས་བབས་ལ་བྱིན་ནུས་བསྡུས་པ་ཡན་ཆོས་ཐུན་གཅིག །དེ་ལ་བདུད་རྩི་དཀར་པོ་བབས་པས་སྤྱི་བོ་བདེ་ཆེན་འཁོར་ལོ་གང་བ་ཆོས་ཐུན་གཅིག །དེ་ནས་མས་རིམ་བཞིན་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་བབས་ཚེ། རིམ་བཞིན་རྣམ་སྣང་། སྣང་མཐའ། མི་བསྐྱོད་པ། རིན་འབྱུང་། དོན་གྲུབ་བཅས་སོ་སོའི་ཡུམ་དང་འཁོར་སོགས་ལ་བདུད་རྩི་ཕུལ་བས་མཉེས་ཤིང་དབང་དང་དངོས་གྲུབ་སྩོལ་བར་བསམ་པ་བཅས་འཁོར་ལོ་རེ་རེ་ལ་ཆོས་ཐུན་རེ་བྱེད་སྲོལ་འདུག །འདི་དུས་གསང་གནས་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་ཉེར་བརྒྱད་བསྒོམ་པའི་མར་སྣ་རོ་རྐྱང་གཉིས་ཚུད་པའི་ལུས་དབུས་ཨ་ཤད་གནས་པ་ལ་བདུད་རྩི་བླུག་པས་མེ་དང་བདུད་རྩི་གཉིས་སུ་མེད་པས་ལུས་ཀྱི་ཆ་ཤས་གང་བར་ཆོས་ཐུན་གཅིག །འདི་ནི་ཆོས་ཐུན་བཅུ་པ་སྟེ་ཐ་མའོ། །རྒྱས་པ་ནི་གཞུང་ལྟར་ཤེས་དགོས་ཤིང་།

འདི་ནི་ཕྱག་ལེན་ཕྱོགས་སྡེབ་བྱས་པ་ཙམ་མོ། །ཐོག་མར་རླུང་རོ་དགུ་སྤྲུག་སྐབས་ལས་དེ་མན་གྱི་ཆོས་ཐུན་རྣམས་སུ་དམིགས་པའི་རྗེས་སུ་འཁྲུལ་འཁོར་ཉི་ཤུ་པོར་གནད་དུ་བསྣུན་པ་གེགས་སེལ་གྱི་ཐབས་མཆོག་ཏུ་གྱུར་པའོ། །གོང་གི་འཕྲོ། དེ་ནས་རྩ་གསུམ་འདུས་མདོ་རུཿ སོགས་ནས། བསྡུས་ལ་སྟོང་གསལ་ངང་དུ་བཞགཿ ཅེས་པ་ཡན་གཞུང་ལྟར། སྐབས་འདིར་བཤད་མ་ཐག་པ་བཞིན་འཁྲུལ་འཁོར་ལ་གནད་དུ་བསྣུན་མཐར། གེགས་སེལ་ཧ་སྤྲུགས་བརྡབ་ཆུང་དངཿ སོགས་ནས། ཆོས་རྣམས་ཀུན་གྱི་གྲོལ་ས་འོཿ ས་མ་ཡཿ ཡན་ཆད་ཀྱི་ཚངས་པའོ། །མཐར་རླུང་ཟླ་བ་གཅིག་ལ་སྦྱང་པའི་དབང་དུ་བཏང་ན། ཞག་པོ་ཉི་ཤུ་ཙམ་ལ་སྔ་མ་ལྟར་དང་། གཤམས་ཞག་བཅུ་ལ་ཉིན་ལན་གཉིས་སམ། གསུམ་ཙམ་དུ་རླུང་བུམ་ཅན་དང་སྦྲགས་ཏེ། དང་པོ་སྐྱིལ་ཀྲུང་བཅས་བཞིན་ལག་པ་གཉིས་ཀྱི་སོར་མོ་རྣམས་ཀྱིས་རྩེའུ་ཆུང་གཉིས་དལ་བུས་ལྟེམ་པ་དང་། གཉིས་པ་རླུང་བསྡམས་ཏེ་དྲག་ཏུ་ལྟེམ་པ། གསུམ་པ་རླུང་བསྡམས་ཏེ་འབེབས་ཆུང་དང་སྟབས་གཅིག་ཏུ་ལྟེམ་པ། བཞི་པ་རླུང་བསྡམས་ཏེ་འབེབས་ཆེན་དང་ཆབ་གཅིག་ཏུ་ལྟེམ་པ་རྣམས་ཇི་བཞིན་གནད་ཁེལ་དུ་སྦྱང་འཕྲོར། ཉོན་མོངས་རླུང་སེམས་འཁོར་བའི་སོགས་ཤོ་ལོ་ཀ་དེ་མང་དུ་བརྗོད་མཐར་དམིགས་བསལ་བརྗོད་བྲལ་གྱི་ངང་དུ་མཉམ་པར་བཞག །དེ་ལས་ལང་ཚེ་བསྔོ་སྨོན་གྱི་རྒྱས་འདེབས་བྱ་ཞིང་སྤྱོད་ལམ་ཀུན་ཏུ་ལྟེ་བའི་ཨ་ཤད་ལ་སེམས་འཛིན་པ་དང་། བཟའ་བཏུང་གི་དུས་བདེ་སྟོང་དབྱེར་མེད་ཀྱི་དོན་དྲན་པའི་ངང་ནས་སྤྱོད་པའམ་ཚོགས་འཁོར་གྱི་ཚུལ་དང་ཨ་ཤད་ལྷ་ཐམས་ཅད་འདུས་པའི་ངོ་བོར་བལྟས་ལ་སྦྱིན་སྲེག་གི་ཚུལ་དུ་རོལ་པར་བྱའོ། །

ཞེས་པའང་ཀློང་ཆེན་སྙིང་ཐིག་གི་ཟུར་འདེབས་སུ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་སྦྱར་བ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Yogin Practising Inner Heat

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept