ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བརྒྱུད་འདེབས་སྨོན་ལམ་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་།
༄༅། །ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བརྒྱུད་འདེབས་སྨོན་ལམ་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །
ན་མོ་ལོ་ཀི་ཤྭ་ར་ཡ།
བདེ་ལྡན་ཞིང་ན་ཆོས་སྐུ་འོད་དཔག་མེད། །
རི་པོ་ཏ་ལར་ལོངས་སྐུ་སྤྱན་རས་གཟིགས། །
རྔ་ཡབ་དཔལ་རིར་སྤྲུལ་སྐུ་པདྨ་འབྱུང་། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
ཆོས་ཀྱི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག །
ཟབ་གཏེར་སྒོ་འབྱེད་རིག་འཛིན་འཇིགས་མེད་གླིང་། །
བཀའ་བབས་ཆོས་བདག་ཀུན་བཟང་གཞན་ཕན་ལ། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
འཕགས་མཆོག་ཟློས་གར་དམ་ཚིག་རྡོ་རྗེའི་ཞབས། །
དྲིན་ཅན་བླ་མ་པདྨ་རང་གྲོལ་ལ། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
བྱིན་རླབས་རྩ་བ་རྩ་བརྒྱུད་བླ་མ་དང༌། །
དངོས་གྲུབ་རྩ་བ་ཡི་དམ་ཞི་ཁྲོའི་ལྷ། །
འཕྲིན་ལས་རྩ་བ་མཁའ་འགྲོ་གཏེར་སྲུང་ལ། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །
སྨིན་བྱེད་དབང་བཞིའི་བདུད་རྩིའི་ཆུ་རྒྱུན་གྱིས། །
སྒོ་གསུམ་སྒྲིབ་བཞིའི་དྲི་མ་ཡོངས་བཀྲུ་ཞིང༌། །
རིག་འཛིན་རྣམ་བཞིའི་ས་ལམ་ལེགས་བགྲོད་ནས། །
རང་རིག་ཀུན་བཟང་རང་ཞལ་མཇལ་བར་ཤོག །
སྣང་སྲིད་སྣོད་བཅུད་དཀྱིལ་འཁོར་འཁོར་ལོའི་གར། །
སྒྲ་གྲགས་གྲགས་སྟོང་ཡི་གེ་དྲུག་མའི་གདངས། །
དྲན་རྟོག་འོད་གསལ་རང་རིག་མཉམ་ཉིད་ཀློང་། །
དག་པ་རབ་འབྱམས་འཁོར་ལོ་འཆར་བར་ཤོག །
རྩ་བརྒྱུད་བླ་མ་སངས་རྒྱས་དངོས་སུ་མཐོང་། །
མཆེད་དང་ལྕམ་དྲལ་དཔའ་བོ་མཁའ་འགྲོར་ཤར། །
དམ་ཚིག་སྡོམ་པ་མིག་འབྲས་ལྟར་བསྲུང་ཞིང་། །
ཚེ་འདིར་འཕྲིན་ལས་རྣམ་བཞི་མཐར་ཕྱིན་ཤོག །
འཛམ་གླིང་ཡངས་པའི་ཡུལ་གྲུ་ཐམས་ཅད་དང༌། །
ཁྱད་པར་ཕྱོགས་འདིར་ནད་ཡམས་འཐབ་རྩོད་སོགས། །
མི་འདོད་ཉེར་འཚེ་སད་སེར་བཙའ་ཐན་ཞི། །
ཆོས་སྲིད་སྟོབས་འབྱོར་མི་ཉམས་འཕེལ་བར་མཛོད། །
བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་བཅས་ཀྱིས། །
གནས་སྐབས་ནད་གདོན་འགལ་རྐྱེན་བར་ཆད་བྲལ། །
ཚེ་རིང་ནད་མེད་ཕུན་ཚོགས་དཔལ་འབྱོར་རྒྱས། །
ཅི་བསམ་དོན་ཀུན་གེགས་མེད་མྱུར་འགྲུབ་ཤོག །
ཁྱད་པར་ནམ་གཞུག་ཚེ་ཡི་དུས་བྱེད་ཚེ། །
གནད་གཅོད་འཕྲུལ་སྣང་སྡུག་བསྔལ་མི་འབྱུང་བར། །
འཕགས་མཆོག་ཐུགས་རྗེ་ཆེན་པོས་རྗེས་བཟུང་ནས། །
ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །
མ་བསྒོམ་སངས་རྒྱས་ཆོས་ལྔར་གྲགས་པ་ལས། །
དམ་རྫས་ཏིང་འཛིན་སྔགས་ཀྱིས་ཉེར་བསྒྲུབས་པའི། །
མྱོང་གྲོལ་བདུད་རྩིའི་འགྲོ་ཀུན་ངན་སོང་སྒོ། །
རབ་བཅད་འཕགས་པའི་གོ་འཕང་མྱུར་ཐོབ་ཤོག།
མཆོག་གསུམ་རྩ་གསུམ་ཀུན་འདུས་བདག་ཉིད་མཆོག །
རྩ་བརྒྱུད་དཔལ་ལྡན་བླ་མའི་བྱིན་རླབས་དང༌། །
བདག་ཅག་མི་ཕྱེད་དད་པའི་ནུས་མཐུ་དང༌། །
ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་སྟོབས་ཀྱིས། །
ཇི་ལྟར་སྨོན་པའི་གནས་རྣམས་མྱུར་ཐོབ་ཤོག །
