བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཟུང་འཇུག་ལམ་གྱི་ཤིང་རྟ།

English | བོད་ཡིག

༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཟུང་འཇུག་ལམ་གྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

 

ཨོཾ་སྭསྟི།

རབ་འབྱམས་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་གཟུགས། །
རིགས་བརྒྱའི་ཁྱབ་བདག་དྲིན་ཅན་འཁོར་ལོའི་མགོན། །
དཔལ་ལྡན་བླ་མ་སངས་རྒྱས་པདྨའི་ཞབས། །
སྤྱི་བོའི་རྒྱན་དུ་བསྙེན་ནོ་བྱིན་གྱིས་རློབས། །

ཟུང་འཇུག་སྐུ་བཞིའི་གོ་སར་བདེ་མྱུར་དུ། །
དཀྲི་བའི་ལམ་བཟང་ཟབ་གཏེར་སྔོན་འགྲོའི་ཁྲིགས། །
རྣམ་གསལ་འཇུག་བདེའི་ཤིང་རྟ་འདིར་འདྲེན་གྱི། །
སྐལ་པར་ལྡན་རྣམས་སྤྲོ་བས་དེང་ཞུགས་ཤིག །

 

དེ་ཡང་གང་ཞིག་ཟབ་ལམ་གྱི་སྐལ་བ་དང་ལྡན་ཅིང་ཚེ་འདིར་ཟུང་འཇུག་སྐུ་བཞིའི་གོ་འཕང་མངོན་དུ་བྱེད་པར་འདོད་པའི་དགེ་བའི་ལས་འཕྲོ་སད་པ་རྣམས་ཐོག་མ་ཉིད་ནས་ལམ་འདི་ཁོ་ན་ལ་ནན་ཏན་དུ་བརྩོན་པར་བྱ་སྟེ།

དེའི་ཚུལ་ལ་གཉིས། རྒྱུད་སྣོད་རུང་དུ་བྱེད་པ་ཐུན་སྤྱིའི་སྔོན་འགྲོ་དང་། རིམ་གཉིས་རྣལ་འབྱོར་བྱེ་བྲག་སྒོས་ཀྱི་སྔོན་འགྲོའོ། །

 

དང་པོ་ནི།

བདེ་བའི་སྟན་ལ་འཁོད་དེ་ལུས་གནད་དྲང་པོར་བསྲང་། དུག་གསུམ་གྱི་རླུང་རོ་བསལ། ཤེས་པ་རྣལ་དུ་ཕབ་སྟེ་རང་བབ་ཀྱི་བསམ་གཏན་ལ་བློ་ཡོངས་སུ་ཕྱོགས་པས། རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་ཆེན་པོ་རྗེས་སུ་དྲན་པའི་ཡིད་མངོན་པར་བསྐུལ་ཏེ།

རང་མདུན་ནམ་མཁར་འཇའ་འོད་ཐིག་ལེའི་ཀློང་། །

རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །

བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ནི། །

རྣམ་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་འཆང་། །

མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །

རང་འོད་བདེ་ཆེན་ཡུམ་དང་མཉམ་པར་སྦྱོར། །

དགྱེས་འཛུམ་ཡེ་ཤེས་འོད་ཟེར་སྤྲོ་བའི་སྐུ། །

རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས། །

ཞེས་བླ་མ་གསལ་བཏབ་ལ་མོས་གུས་གདུང་ཤུགས་དྲག་པོས།

བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས།

བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། འོད་གསལ་ཁོངས་ནས་འཆར་བར་བྱིན་གྱིས་རློབས།

བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། རྟོགས་པ་ནམ་མཁའ་དང་མཉམ་པར་བྱིན་གྱིས་རློབས།

བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས། དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།

ཞེས་གསོལ་བ་དྲག་ཏུ་བཏབ་པས།

མོས་གུས་སྟོབས་ཀྱིས་བླ་མའི་ཐུགས་རྒྱུད་བསྐུལ། །

དགྱེས་པས་མི་བཟོད་བདེ་བའི་གར་དང་བཅས། །

རང་གི་སྤྱི་བོར་བྱོན་ཏེ་བྱང་སེམས་སྤྲིན། །

ཡེ་ཤེས་རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་བས། །

རྟོགས་གྲོལ་དུས་མཉམ་ཆེན་པོར་བྱིན་བརླབས་གྱུར། །

ཅེས་བརྗོད་ཅིང་བསམ་ལ་རིག་པ་འཛིན་མེད་ཀྱི་ངང་དུ་དར་གཅིག་མཉམ་པར་བཞག་གོ ། འདི་ནི་ཐུན་ཐམས་ཅད་ཀྱི་སྔོན་དུ་གཅེས་ཏེ་བར་ཆད་ཞི་ཞིང་བྱིན་རླབས་མྱུར་དུ་འཇུག་པའི་དགོས་པ་ཡོད་དོ། །

 

གཉིས་པ་ལ་གཉིས། ཐུན་མོང་བློ་ལྡོག་རྣམ་བཞིས་རྒྱུད་ཀྱི་ཞིང་ས་སྦྱོང་བ་དང་། ཐུན་མིན་ཟབ་ལམ་ཕྲུགས་ལྔའི་ས་བོན་གདབ་པའོ། །

 

དང་པོ་ནི། འདི་ལྟར་དལ་འབྱོར་གྱི་མི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་། རྙེད་པ་འདིའང་མི་རྟག་པར་མྱུར་དུ་འཆི་བའི་དབང་དུ་འགྱུར། ཤི་ནས་ཀྱང་ཅང་མེད་དུ་མི་འགྲོ་བར་ལས་འབའ་ཞིག་གི་རྗེས་སུ་འབྲང་སྟེ་འཁོར་བར་འདུ་བྱེད། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ལས་མ་འདས་པས།

ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཅི་ནས་ཀྱང་ཐར་བ་ཞིག་བྱ། དེའི་ཆེད་དུ་དམ་པའི་ཆོས་རྣམ་པར་དག་པ་ཞིག་ད་ལྟ་ཉིད་ནས་བསྒྲུབ་པར་བགྱིའོ་སྙམ་པ་དང་། དེ་ལྟར་བསྒྲུབ་ནུས་པའང་བླ་མ་རིན་པོ་ཆེ་མཁྱེན་སྙམ་པའི་དད་པ་དང་ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད་དེ།

ན་མོ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔

སྤྱི་གཟུགས་མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔

གཏན་གྱི་སྐྱབས་གཅིག་དྲིན་ཅན་བླ་མ་རྗེ༔

མི་འབྲལ་སྤྱི་གཙུག་བདེ་ཆེན་འཁོར་ལོར་བཞུགས༔

གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔

བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔

 

དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༔

མི་ལུས་དོན་ལྡན་སྙིང་པོ་ལོན་པ་ཞིག༔

གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔

བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔

 

ཚེ་འདིའི་སྣང་བ་རྨི་ལམ་གནས་སྐབས་ཙམ༔

མི་རྟག་འཆི་བ་སྙིང་ནས་དྲན་པ་ཞིག༔

གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔

བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔

 

ཁམས་གསུམ་འཁོར་བ་སྡུག་བསྔལ་རང་བཞིན་ལ༔

ཆགས་ཞེན་འཁྲི་བ་གཏིང་ནས་ཆོད་པ་ཞིག༔

གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔

བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔

 

དགེ་སྡིག་ལས་ཀྱི་རྣམ་སྨིན་བསླུ་བ་མེད༔

བླང་དོར་གནས་ལ་མཁས་ཤིང་ཚུལ་ལྡན་ཞིག༔

གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔

བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔

ཞེས་པ་རྣམས་ཀྱི་དོན་ཡིད་ལ་དྲན་ཅིང་ངག་ཏུ་ཅི་རིགས་བརྗོད་དོ། །

 

གཉིས་པ་ལྔ་ལས། དང་པོ་ཐར་པའི་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི།

ཐོག་མར་སྐྱབས་ཡུལ་གསལ་གདབ་ལ།

སྣོད་བཅུད་དག་པའི་ཞིང་ཁམས་ཉམས་དགའི་དབུས། །

དྲི་མེད་ཡིད་འོང་དྷ་ན་ཀོ་ཤའི་མཚོ། །

དེ་དབུས་རིན་ཆེན་པད་སྡོང་འདབ་རྒྱས་པ། །

ཡལ་ག་ལྔ་ལྡན་དབུས་ཀྱི་ཟེའུ་འབྲུའི་སྟེང་། །

སངས་རྒྱས་ཀུན་དངོས་བླ་མ་ཐོད་ཕྲེང་རྩལ། །

སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་བྱད་ཅན། །

མཚན་དཔེའི་དཔལ་འབར་འཇའ་ཟེར་ཀློང་དུ་བརྗིད། །

དབུ་གཙུག་དགོངས་པ་བརྡ་དང་སྙན་ཁུངས་བརྒྱུད། །

བཀའ་བབས་ལུང་བསྟན་སྨོན་ལམ་དབང་བསྐུར་བརྒྱུད། །

མཁའ་འགྲོ་གཏད་རྒྱ་རྟོགས་པ་དོན་བརྒྱུད་ཀྱི། །

རིག་འཛིན་བརྒྱུད་པའི་བླ་མ་མ་ལུས་པ། །

ཡས་རིམ་བཞིན་དུ་ཐོ་བརྩེགས་ཚུལ་གྱིས་ཚུལ། །

ཕྱོགས་བཞིའི་པད་སྡོང་ཡལ་ག་རབ་རྒྱས་སྟེང་། །

གཡས་སུ་བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ལ། །

བསྐལ་བཟང་ཞིང་གི་སངས་རྒྱས་སྟོང་རྩ་སོགས། །

ཕྱོགས་དུས་བདེ་གཤེགས་རྒྱལ་བའི་ཚོགས་ཀྱིས་བསྐོར། །

རྒྱབ་ཏུ་འོད་ལྔའི་དྲྭ་མིག་མཛེས་པའི་ཀློང་། །

ལུང་རྟོགས་དམ་ཆོས་གསུང་རབ་གླེགས་བམ་ཚུལ། །

ཨ་ལི་ཀ་ལིའི་རང་སྒྲ་སྙན་པར་སྒྲོགས། །

གཡོན་དུ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ། །

འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་སོགས། །

བྱང་སེམས་ཉན་རང་དགེ་འདུན་ཚོགས་ཀྱིས་བསྐོར། །

མདུན་དུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །

རྒྱུད་སྡེ་བཞི་དྲུག་ཡི་དམ་ཞི་ཁྲོའི་ལྷ། །

གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །

ཕྱི་རོལ་བར་མཚམས་ཁོར་ཡུག་ཐམས་ཅད་དུ། །

རྒྱུད་གསུམ་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །

མ་ལུས་སྤྲིན་ཕུང་གཏིབས་པ་བཞིན་དུ་འཁོད། །

ཀུན་ཀྱང་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱིས། །

འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །

བདག་སོགས་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ། །

ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞུགས་པར་གྱུར། །

ཅེས་གསལ་བཏབ་ནས། དེ་དག་གི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་མགྲིན་གཅིག་སྒོ་གསུམ་གུས་པ་ཆེན་པོས་བློ་གཏད་ལིང་བསྐྱུར་གྱི་སྒོ་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས།

ན་མོ༔ བདག་དང་མཐའ་ཡས་ཕ་མ་མཁའ་མཉམ་འགྲོ༔

ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔

བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔

སྐད་ཅིག་མི་འབྲལ་བརྩེ་བས་རྗེས་སུ་ཟུངས༔

ཞེས་ཅི་ནུས་སུ་བྱའོ། །

 

གཉིས་པ་ཐེག་ཆེན་ལམ་གྱི་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི།

སྐྱབས་ཡུལ་རྣམས་དཔང་པོར་གསོལ་ཏེ།

མཁའ་ཁྱབ་འགྲོ་ཀུན་བདག་གི་ཕ་མ་སྟེ། །

བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །

ཐར་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །

དེ་རྣམས་བདག་གིས་ཅི་ནས་བསྒྲལ་བར་བྱ། །

དེ་ཕྱིར་ཡེངས་མེད་བརྩོན་པའི་ཤུགས་བསྐྱེད་ནས། །

ཟབ་མོའི་རྣལ་འབྱོར་མཐའ་རུ་ཕྱིན་པར་བགྱི། །

ཞེས་སྨོན་འཇུག་གི་སེམས་བསྐྱེད་གསལ་འདེབས་བཞིན་པས།

མགོན་པོ་སྲས་དང་བཅས་པ་བདག་ལ་དགོངས༔

ཚད་མེད་རྣམ་བཞིས་འགྲོ་དོན་དང་དུ་ལེན༔

བྱང་ཆུབ་སེམས་བཟུང་ཕར་ཕྱིན་དྲུག་ལ་བསླབ༔

དོན་གཉིས་ལྷུན་གྱིས་འགྲུབ་པའི་དཔལ་ཐོབ་ཤོག༔

ཅེས་ཇི་ལྟར་རིགས་པ་བརྗོད་ཅིང་། བདག་གཞན་མཉམ་བརྗེའི་བློ་སྦྱོང་དང་བདེ་སྡུག་གཏོང་ལེན་གྱི་དམིགས་པའང་བྱ། ཐུན་གྱི་མཐར།

སྐྱབས་ཡུལ་རྣམས་ལས་བྱིན་རླབས་བདུད་རྩིའི་རྒྱུན། །

དཀར་གསལ་འོད་ཟེར་རྣམ་པར་དཔག་མེད་བྱུང་། །

བདག་གཞན་ལ་ཐིམ་སྒོ་གསུམ་སྒྲིབ་སྦྱངས་ནས། །

སྐད་ཅིག་འོད་ཞུ་སྐྱབས་ཡུལ་རྣམས་ལ་ཐིམ། །

སྐྱབས་ཡུལ་འཁོར་རྣམས་རིམ་ཞུ་གཙོ་བོར་འདུས། །

གཙོ་བོ་མི་དམིགས་ཆོས་དབྱིངས་ཀློང་དུའོ། །

ཞེས་བསྡུས་ཏེ་མཉམ་པར་བཞག་གོ །

 

གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོར་སེམས་བསྒོམ་བཟླས་ནི།

རང་གི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་མངོན་སུམ་དུ་བཞུགས་པར་གསལ་ལ། སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དྲག་པོ་བསྐྱེད་ཅིང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་དམ་བཅའ་དང་། ཐུགས་ཀའི་སྔགས་ཕྲེང་ལས་བྱུང་བའི་བྱང་སེམས་བདུད་རྩིའི་རྒྱུན་གྱིས་རང་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མེད་དུ་སྦྱོར་བར་བསམ་པ་སྟེ་སྟོབས་བཞིའི་གནད་དང་ལྡན་པས།

རང་གི་སྤྱི་བོར་པདྨ་ཟླ་གདན་ལ༔

བླ་མ་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག༔

ཞི་འཛུམ་མཚན་དཔེའི་ལང་ཚོ་མཆོག་ཏུ་འབར༔

གཡས་གཡོན་ཐབས་ཤེས་རྡོ་རྗེ་དྲིལ་བུ་འཛིན༔

ལོངས་སྐུའི་ཆས་རྫོགས་སྐྱིལ་མོ་ཀྲུང་གིས་བཞུགས༔

པང་དུ་སྙེམས་མ་གྲི་ཐོད་འཛིན་པས་འཁྱུད༔

ཐུགས་ཀར་ཟླ་དཀྱིལ་ཧཱུྃ་མཐར་སྔགས་ཕྲེང་ལས༔

བྱང་སེམས་བདུད་རྩིའི་རྒྱུན་བབས་སྦྱོར་མཚམས་བརྒྱུད༔

བདག་གི་ཚངས་བུག་ནས་ཞུགས་ལུས་ཀུན་གང་༔

ཉམས་ཆག་སྡིག་ལྟུང་མ་ལུས་ཀུན་བྱང་གྱུར༔

ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ

ཞེས་ཅི་ནུས་སུ་བཟླས་པས། བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཀུན་དཀར་ལྟེམ་གྱིས་གང་། སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག །ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པར་བསམ་པ་ཕྱི་ལྟར་སྒྲིབ་སྦྱོང་དང་།

མཐར་མོས་གདུང་དྲག་པོས།

མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །

དམ་ཚིག་ལས་ནི་འགལ་ཞིང་ཉམས། །

བླ་མ་མགོན་པོས་སྐྱབས་མཛོད་ཅིག །

གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །

ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །

འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །

སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞི་དག་པར་མཛད་དུ་གསོལ།

ཞེས་གསོལ་བ་བཏབ་པས།

རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་བཀའི་གནང་བ་སྩལ་བར་མོས་ལ།

སྡིག་སྒྲིབ་ཀུན་དག་ཤེལ་གོང་ལྟ་བུར་གྱུར༔

སླར་ཡང་འོད་དཀར་རྣམ་པར་མེར་གྱིས་ཞུ༔

བདག་སྣང་དང་འདྲེས་རྡོར་སེམས་སྐུ་རུ་གྱུར༔

སྣང་སྲིད་དག་པ་རབ་འབྱམས་རོལ་པར་བལྟ༔

ཨོཾ་བཛྲ་སཏྭ་ཧཱུྃ༔

ཞེས་སྤྱི་བོའི་རྡོར་སེམས་རང་ལ་ཐིམ་པས་རང་ཡང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་མོས་ཏེ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་བལྟ་ཞིང་ཡང་སྙིང་བཟླ་བ་ནང་ལྟར་སྒྲིབ་སྦྱོང་དང་།

མཐར་ཐུག་ལྷ་སྔགས་ཀྱི་སྤྲོས་པའང་འོད་གསལ་དུ་བསྡུས་ཏེ་སྦྱང་བྱ་སྦྱོང་བྱེད་ཀྱི་རྟོག་ཚོགས་གདོད་ནས་དག་པ་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བལྟ་བ་ནི་གསང་བ་ལྟར་སྒྲིབ་སྦྱོང་བླ་ན་མེད་པའོ། །

 

བཞི་པ་མཐུན་རྐྱེན་ཚོགས་བསགས་མཎྜལ་འབུལ་བ་ནི།

ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའི་སྤྱན་སྔར་དངོས་སུ་བཤམས་པའི་མཎྜལ་དཔེར་མཚོན་ནས། ཕྱི་ལྟར་སྟོང་གསུམ་མི་མཇེད་ཀྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱའི་བཀོད་པ། ནང་ལྟར་རང་ལུས་ཕུང་ཁམས་སྐྱེ་མཆེད་དུས་གསུམ་ལོངས་སྤྱོད་དགེ་ཚོགས་དང་བཅས་པ། གསང་བ་ཆོས་དབྱིངས་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ལྷུན་གྲུབ་སྐུ་དང་ཐིག་ལེའི་སྣང་བ་ཚད་མེད་པའི་རང་བཞིན་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་རྣམས་ཐམས་ཅད་པའི་ཚུལ་གྱིས་འབུལ་བའི་འདུན་པ་དང་བཅས།

ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་མི་མཇེད་བཀོད་པ་མཐའ་ཡས་དཔལ༔

བདག་ལུས་ལོངས་སྤྱོད་བསོད་ནམས་དགེ་རྩར་བཅས༔

ཡོངས་རྫོགས་བཀོད་པ་མཛེས་ལྡན་མཎྜལ་འདི༔

ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལ༔

ཞེས་ཅི་ནུས་སུ་ཕུལ་མཐར་ཚོགས་ཞིང་བདག་གཞན་སེམས་ཅན་རྣམས་ལ་ཐིམ་པས་ཚོགས་གཉིས་ཡོངས་སུ་རྫོགས་པར་བསམ་མོ། །

 

ལྔ་པ་ལམ་གྱི་མཐར་ཐུག་བྱིན་རླབས་བླ་མའི་རྣལ་འབྱོར་ནི།

ཐོག་མར་དབང་རྟེན་གསལ་གདབ་པ་ལ།

ཨེ་མ་ཧོཿ རང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔

བདེ་ཆེན་པདྨ་འོད་ཀྱི་གྲོང་ཁྱེར་དབུས༔

རང་ཉིད་མཚོ་རྒྱལ་མཁའ་སྤྱོད་དབང་མོ་ནི༔

དམར་གསལ་མཚན་དཔེས་རབ་མཛེས་གྲི་ཐོད་ཅན༔

སྣ་ཚོགས་དར་དང་རཏྣ་རུས་པས་བརྒྱན༔

པད་ཉིའི་བམ་རོའི་གདན་ལ་འདོར་སྟབས་བཞེངས༔

རིང་པའི་ཚུལ་གྱིས་སྟེང་གི་ནམ་མཁར་གཟིགས༔

མདུན་གྱི་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང༔

མ་ཆགས་པདྨ་ཉི་ཟླའི་གདན་སྟེང་དུ༔

བླ་མའི་ངོ་བོ་པདྨ་འབྱུང་གནས་སྐུ༔

དཀར་དམར་མདངས་ལྡན་གཟི་བརྗིད་འོད་ཕུང་འབར༔

གཞོན་ཚུལ་མཚན་དཔེ་རབ་རྫོགས་ཞི་མ་ཁྲོ༔

པད་ཞུ་གསང་ཕོད་ཆོས་གོས་ཟ་བེར་གསོལ༔

ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔

ཞབས་གཉིས་རོལ་སྟབས་ཁ་ཊྭྰཾ་མཆན་དུ་བརྟེན༔

སྣང་སྲིད་ཟིལ་གནོན་འཁོར་འདས་ཡོངས་ཀྱི་བདག༔

སྐུ་ཡི་རང་བཞིན་སངས་རྒྱས་ཞིང་ཀུན་ཁྱབ༔

ཞིང་ཁམས་རབ་འབྱམས་སྐུ་ཡི་དབྱིངས་སུ་རྫོགས༔

སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་བཞུགས༔

ཞེས་ཐ་མལ་གྱི་ཤེས་པ་རང་འགགས་སུ་འགྲོ་བར་གསལ་བཏབ་ནས།

ཧཱུྃ༔ རྔ་ཡབ་གླིང་དབུས་ཟངས་མདོག་དཔལ་རིའི་རྩེ༔

བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ནས༔

རྗེ་བཙུན་བླ་མ་ཨོ་རྒྱན་སྤྲུལ་པའི་སྐུ༔

རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔

བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ

ཞེས་བྱིན་དབབ་ཅིང་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས།

ཚོགས་བསགས་པའི་སླད་དུ།

ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་བླ་མ་ལ༔

སྒོ་གསུམ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔

ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་སྤྲིན་འབུལ༔

སྡིག་ལྟུང་དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔

ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང༔

སྙིང་པོ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ༔

རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔

དགེ་བ་འདི་དང་དགེ་བའི་རྩ་བ་ཀུན༔

འགྲོ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔

ཞེས་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ།

དེ་ཡང་རང་རྒྱུད་ལ་བྱིན་རླབས་འཇུག་པ་ནི་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རག་ལས་པས་ན། རང་གི་རྩ་བའི་དེ་ཉིད་སྐྱབས་ཀུན་འདུས་པའི་སྤྱི་གཟུགས་ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ཆེས་ཆེར་ལྷག་པར་ཐག་ཆོད་པའི་ངེས་ཤེས་བསྐྱེད། བློ་གཏད་རེ་ལྟོས་ལིང་བསྐྱུར་གྱི་སྒོ་ནས།

 

ཀྱེ་ཧོཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔

སྤྱི་དཔལ་བླ་མ་རིན་པོ་ཆེ༔

མཐོང་བས་མ་རིག་མུན་པ་སེལ༔

ཐོས་པས་ཐེ་ཚོམ་དྲྭ་བ་གཅོད༔

དྲན་པས་དགོངས་རྒྱུད་རྟོགས་པ་འཕོ༔

རེག་པས་བྱིན་རླབས་དངོས་གྲུབ་སྟེར༔

བཀའ་དྲིན་བསམ་ན་བརྗོད་ལས་འདས༔

ཡོན་ཏན་ནམ་མཁའི་མཐའ་དང་མཉམ༔

བཟོད་མེད་གདུང་ཤུགས་དྲག་པོ་ཡིས༔

གསོལ་བ་འདེབས་སོ་ཐུགས་རྗེས་དགོངས༔

བདག་ལུས་ལོངས་སྤྱོད་དགེ་རྩར་བཅས༔

ཆགས་ཞེན་མེད་པར་ཁྱོད་ལ་འབུལ༔

 

འདི་ནས་ཚེ་རབས་ཐམས་ཅད་དུ༔

སྐྱབས་དང་སྐྱེལ་མ་མགོན་དང་དཔུང་༔

གཏན་གྱི་མགོན་པོ་ཁྱེད་ལས་མེད༔

བློ་སྙིང་བྲང་གསུམ་ལིང་གིས་བཀལ༔

སྐྱིད་སྡུག་ལེགས་ཉེས་ཐམས་ཅད་དང་༔

མཐོ་དམན་གར་གཏོང་བླ་མ་མཁྱེན༔

 

བདག་ནི་ཚེ་རབས་ཐོག་མེད་ནས༔

མ་རིག་འཁྲུལ་པའི་དབང་གྱུར་ཏེ༔

ཁམས་གསུམ་འཁོར་བའི་བཙོན་ཁང་དུ༔

བཟོད་མེད་སྡུག་བསྔལ་གསུམ་གྱིས་གདུང༔

 

ཉམ་ཐག་ཟུག་རྔུ་ཁུར་མ་བཟོད༔

སྙིང་ནས་རྗེ་བཙུན་བླ་མར་འབོད༔

བདེ་འདོད་སྡུག་བསྔལ་ལས་ལ་བརྩོན༔

སྣང་བའི་ཡུལ་དུ་བདུད་ཀྱིས་བསླུས༔

 

ཞེན་པས་གཉིས་འཛིན་འཁྲུལ་པར་འཕྱན༔

དེ་འདྲའི་ལས་ངན་སྐལ་ངན་ལ༔

སྐྱབས་མགོན་ཁྱེད་ལས་སྐྱོབ་པ་སུ༔

གསོལ་བ་འདེབས་སོ་བླ་མ་རྗེ༔

 

ཐུགས་རྗེས་ཟུངས་ཤིག་བཀའ་དྲིན་ཅན༔

བྱིན་གྱིས་རློབས་ཤིག་ནུས་མཐུ་ཅན༔

རྗེས་སུ་ཟུངས་ཤིག་སྤྱི་དཔལ་མཆོག༔

བློ་སྣ་ཆོས་ལ་བསྒྱུར་དུ་གསོལ༔

 

དབང་བཞི་བསྐུར་བར་མཛད་དུ་གསོལ༔

སྒྲིབ་བཞི་དག་པར་མཛད་དུ་གསོལ༔

སྐུ་བཞི་ཐོབ་པར་མཛད་དུ་གསོལ༔

དགོངས་རྒྱུད་བྱིན་རླབས་བདག་ལ་འཕོས༔

 

མ་རིག་མུན་པ་དྲུང་འབྱིན་ནས༔

གཟུང་འཛིན་འཁྲུལ་པའི་འཆིང་བ་ཁྲོལ༔

མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་ཅིང་༔

ཆོས་ཟད་བློ་འདས་ཆེན་པོར་སྐྱོལ༔

ལྷུན་གྲུབ་གཞོན་ནུ་བུམ་པའི་སྐུ༔

འཇའ་ལུས་ཆེན་པོར་དབུགས་འབྱིན་མཛོད༔

ཅེས་གསོལ་བ་ཕུར་ཚུགས་སུ་ཡང་ཡང་གདབ་པ་ནི་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པའོ། །

དེ་ནས་བླ་མའི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་འོད་འབར་བས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བཞུགས་པར་མོས་ལ། དེ་ལས་འཇའ་ཟེར་ཐིག་ལེ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་ཉི་ཟེར་གྱི་རྡུལ་ལྟར་བྱུང་བ་རང་ལ་ཐིམ་པས་དབང་བྱིན་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་པ་དང་། སྐབས་སུ་ཕྱི་སྣོད་རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་། ནང་བཅུད་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རང་སྒྲ། སེམས་ཀྱི་འཕྲོ་འདུ་རང་གྲོལ་འོད་གསལ་དུ་ཤེས་པའི་ངང་ནས།

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

ཞེས་གསང་སྔགས་ཀྱི་སྙིང་པོ་འབྲུ་བཅུ་གཉིས་པ་ཉིད་རྩེ་གཅིག་ཏུ་བསྙེན། མཐར་དབང་བཞི་བླང་བ་སོ་སོའི་དམིགས་གནད་དང་སྦྱར་ཏེ།

བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་སྐར་མདའ་ཆད་པ་ལྟར་བྱུང་། རང་གི་སྤྱི་བོར་ཐིམ་པས་ལུས་རྩའི་སྒྲིབ་པ་སྦྱངས། སྐུ་བུམ་པའི་དབང་ཐོབ། ལུས་རྡོ་རྗེ་སྐུའི་རོལ་པར་བྱིན་གྱིས་བརླབས། སྤྲུལ་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །

མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་གློག་ཞགས་འཁྱུག་པ་ལྟར་བྱུང་། རང་གི་མགྲིན་པར་ཐིམ་པས་ངག་རླུང་གི་སྒྲིབ་པ་སྦྱངས། གསུང་གསང་བའི་དབང་ཐོབ། ངག་རྡོ་རྗེ་གསུང་གི་རོལ་པར་བྱིན་གྱིས་བརླབས། ལོངས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །

ཐུགས་ཀའི་ཧཱུཾ་ལས་འོད་ཟེར་མཐིང་ནག་སྤྲིན་ཕུང་འཐིབ་པ་ལྟར་བྱུང་། རང་གི་སྙིང་གར་ཐིམ་པས་ཡིད་ཐིག་ལེའི་སྒྲིབ་པ་སྦྱངས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་བྱིན་གྱིས་བརླབས། ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །

སླར་ཡང་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་ཞིག་བྱུང་། རང་གི་སྙིང་གར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག །ཚིག་དབང་རིན་པོ་ཆེ་ཐོབ། རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས། ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །

ཞེས་དབང་བཞི་བླངས་ཏེ། འདི་ནི་ནང་བསྙེན་པའི་ཚུལ་གྱིས་སྒྲུབ་པ་དབང་བླང་བ་དང་བཅས་པའོ། །

སླར་ཡང་མོས་གུས་ཀྱི་ཤུགས་བསྐྱེད་ལ།

ཁྱབ་བདག་སྐུ་བཞིའི་དབང་ཕྱུག །

མཁྱེན་བརྩེ་ཐུགས་རྗེའི་གཏེར་ཆེན། །

དྲན་པས་ཡིད་ཀྱི་གདུང་སེལ། །

མཉམ་མེད་དྲིན་ཅན་གུ་རུ། །

སྙིང་ནས་གསོལ་བ་འདེབས་སོ། །

སྐད་ཅིག་འབྲལ་བ་མེད་པར། །

རྗེས་བཟུང་བྱིན་གྱིས་བརླབས་ནས། །

ཉིད་དང་དབྱེར་མེད་མཛོད་ཅིག །

ཅེས་གསོལ་བ་བཏབ་པས།

བླ་མ་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་འོད་ལྔའི་གོང་བུ་ཚོན་གང་བ་ཞིག་ཏུ་གྱུར་ཏེ་རང་གི་སྙིང་དབུས་སུ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམ་ཞིང་།

བློ་འདས་འོད་གསལ་རིག་སྟོང་གཉུག་མའི་གཤིས་ལུགས་བླ་མ་ཆོས་སྐུའི་རང་ཞལ་བལྟ་བའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་སྟེ། འདི་ནི་གསང་བ་ལས་སྦྱོར་གྱི་ཚུལ་དུ་སྤྲོས་མེད་དོན་གྱི་བླ་མ་སྒྲུབ་པའོ། །རྗེས་ཐུན་ལས་ལྡང་བར་བརྩམ་པ་ན་སླར་ཡང་སྣང་གྲགས་རྟོག་གསུམ་བླ་མའི་གསང་བ་གསུམ་དུ་ལམ་གྱིས་སད་པར་བལྟས་ལ།

དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །

བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །

བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །

སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །

 

དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །

སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །

ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །

བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

 

འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །

རང་དོན་ཞི་བདེའི་དྲི་མས་མ་གོས་པར། །

མཐའ་ཡས་སེམས་ཅན་ཚོགས་རྣམས་མ་ལུས་པ། །

བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །

 

ཚེ་རབས་ཀུན་ཏུ་རིགས་བདག་བླ་མའི་ཞབས། །

བདེ་ཆེན་འཁོར་ལོའི་རྒྱན་དུ་མི་འབྲལ་བར། །

མོས་གུས་ལམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས། །

དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྩོལ། །

ཅེས་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །

ཐུན་མཚམས་རྣམས་སུའང་བཟའ་བཏུང་གི་ཕུད་བདུད་རྩིའི་རང་བཞིན་དང་། གོས་ལྷ་རྫས་ཀྱི་ན་བཟར་བསམ་ལ་སྤྱི་བོའི་བླ་མ་ལ་འབུལ། ཚོགས་དྲུག་གི་སྣང་བ་གང་ཤར་ཐ་མལ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་ལྷ་སྔགས་ཡེ་ཤེས་ཀྱི་རིག་མདངས་བསྐྱང་།

ནུབ་མོ་ཉལ་བའི་ཚེ་འོད་གསལ་ཟིན་པའི་གསོལ་བ་བཏབ་རྗེས་སྤྱི་བོའི་བླ་མ་ཚངས་བུག་ནས་བརྒྱུད་རང་གི་སྙིང་པདྨ་འདབ་བཞིའི་རྣམ་པར་གནས་པའི་ནང་དུ་བྱོན། དེའི་འོད་ཀྱིས་ལུས་ཀུན་གང་བ་ལ་སེམས་གཏད་དེ་འོད་གསལ་རིག་སྟོང་རྗེན་པ་ཐིམ་ལ་མ་རྨུག་པའི་ངང་དུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག །གལ་ཏེ་སད་ན་འཕྲོ་རྒོད་རྒྱ་འབྱམས་སོགས་བསམ་གཞིག་གི་འཕྲོ་བཅད་དེ་འོད་གསལ་གྱི་ངང་མདངས་བསྐྱངས་པས་གཉིད་ཀྱི་འོད་གསལ་དང་རྨི་ལམ་ཟིན་པ་འགྱུར་ལ།

སླར་ཡང་ཐོ་རངས་ལྡང་བའི་ཚེ་བླ་མ་དབུ་མའི་ལམ་བརྒྱུད་སྤྱི་བོའི་མདུན་མཁར་དགྱེས་བཞིན་དུ་བཞུག་པར་བསམ་པ་སོགས་སྔར་བསྟན་པ་བཞིན་ཉམས་སུ་བླང་།

གཞན་ཡང་འཆི་བའི་དུས་ལ་བབས་ཚེ་འོད་གསལ་དབྱིངས་རིག་བསྲེས་ཏེ་མཉམ་པར་འཇོག་པ་ནི་འཕོ་བའི་མཆོག་ཡིན་ཅིང་། དེར་མ་ཐེབས་ཀྱང་བར་དོར་ཁྱེར་སོ་གསུམ་གྱི་རྣལ་འབྱོར་རྗེས་སུ་དྲན་པས་གྲོལ་བར་འགྱུར་སྟེ། རྣམ་པ་ཀུན་ཏུ་དད་མོས་དང་དམ་ཚིག་ཤིན་ཏུ་དག་པའི་སྒོ་ནས་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་གོང་ནས་གོང་དུ་སྤེལ་བ་ལ་བརྩོན་པར་བྱའོ། །

དེ་ལྟར་གོང་གི་བློ་ལྡོག་རྣམ་བཞིས་མཚོན་བསགས་སྦྱོང་གི་རིམ་པ་རྣམས་སོ་སོ་ལ་ཉམས་ཀྱི་མྱོང་བ་ཐོན་ཐོན་གྱི་བར་དུ་འབད་ཅིང་། ཁྱད་པར་བླ་མའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་གནད་ཐུན་མོང་མ་ཡིན་པ་ཁོ་ནར་ངེས་པའི་ཕྱིར་འདི་ཉིད་དངོས་གཞིའི་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ་བརྩོན་པ་དྲག་པོས་ཉམས་སུ་བླངས་པ་ལས། བསྐྱེད་རྫོགས་གཞན་གྱི་ཉམས་ལེན་ལ་ལྟོས་མི་དགོས་པར་རྔ་ཡབ་པདྨ་འོད་ཀྱི་ཞིང་དུ་དབུགས་དབྱུང་སྟེ་རིག་འཛིན་བཞིའི་བགྲོད་པ་མིག་འཕྲུལ་ལྟ་བུས་ཀུན་བཟང་ཡེ་ཤེས་བླ་མའི་ས་ལ་རེག་པར་འགྱུར་བ་ནི་ངེས་པའོ། །

གང་ཞིག་སྲིད་པའི་མེ་འོབས་ཚ་གདུང་ལས། །

རྣམ་པར་ཐར་འདོད་བློ་ལྡན་འགའ་མཆིས་ན། །

ལམ་མཆོག་ལྗོན་པའི་དབང་པོ་འདི་བསྟེན་དང་། །

བྱང་ཆུབ་གྲིབ་བསིལ་སྣུམ་པོས་འཚོ་བར་འགྱུར། །

 

ལེགས་བྱས་མཐུ་ལས་མཁའ་ཁྱབ་སྐྱེ་འགྲོ་ཀུན། །

ཟབ་ཆོས་འདི་ཡི་གདུལ་བྱ་ཉིད་གྱུར་ནས། །

པདྨ་འོད་ཞིང་མཛེས་པའི་གྲོང་ཁྱེར་དེར། །

ཕྱིར་མི་ལྡོག་པར་དགའ་བས་མྱུར་འཇུག་ཤོག །

 

ཅེས་གཏེར་གསར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་བླ་རྫོགས་ཐུགས་གསུམ་སྤྱིའི་ཆོས་སྡེ་སྔོན་འགྲོའི་ངག་འདོན་ཟུང་འཇུག་ལམ་གྱི་ཤིང་རྟ་ཞེས་བྱ་བ་འདི་ནི། སྔར་བཀོད་པའི་ཁྲིགས་བསྡེབས་དེ་ཉིད་ཅུང་མི་གསལ་བར་བརྟེན་སླར་ཡང་འདོན་སྒོམ་བདེ་བའི་ངག་ཁྲིགས་འདི་ལྟར་བགྱི་བའི་འདུན་པའི་ཐོག །ཉེ་ཆར་ཀོང་ཡུལ་ལེན་རི་གསང་སྔགས་ཆོས་རྫོང་ནས་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུ་དོན་ཐམས་ཅད་གྲུབ་པའི་སྡེས་ལམ་འདིར་འཇུག་པ་དང་པོའི་ལས་ཅན་རྣམས་ལ་སྨན་པ་ཆེན་པོའི་སྒོར་འགྱུར་བར་ངེས་པས་ཅིས་ཀྱང་གྲུབ་པར་གྱིས་ཤིག་ཅེས་ཡི་གེའི་ལམ་ནས་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་ལ་བརྟེན་ནས། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་བཞིར་སོན་པ་དབང་ཕྱུག་གི་ལོ་ཁྲུམས་སྟོད་ཉ་བའི་ཤེར་ཕྱོགས་ཀྱི་ཚེས་བཅུ་ཉེ་བའི་འདུ་བ་ཁྱད་པར་ཅན་གྱི་དུས་བཟང་པོ་ལ། སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཀྱི་རྒྱལ་པོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་ཅིང་རྟག་པ་དང་འབྲེལ་ཚད་མཚོ་སྐྱེས་བླ་མའི་ཞབས་དྲུང་དུ་སྐྱེ་བའི་སྐལ་པ་བཟང་པོ་ཅན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། །། །

 

བདུད་འཇོམས་རིན་པོ་ཆེ།

Heart Essence of the Ḍākinī Field of Merit

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept