བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྡོ་རྗེའི་ཚེ་སྒྲུབ་པའི་མན་ངག་ཟབ་གསང་བཅུད་འདུས་འཆི་མེད་ལམ་བཟང་།

English | བོད་ཡིག

༄༅། །རྡོ་རྗེའི་ཚེ་སྒྲུབ་པའི་མན་ངག་ཟབ་གསང་བཅུད་འདུས་འཆི་མེད་ལམ་བཟང་ཞེས་བྱ་བ་བཞུགས།

 

ན་མོ་གུ་རུ་བཛྲ་ཨ་ཡུཛྙཱ་ན་ཡེ།

ཚེ་སྒྲུབ་ཟབ་མོ་རྒྱུན་གྱི་ཉམས་ལེན་དུ་བྱ་བར་འདོད་པས། ཐོ་རངས་བྱ་རོག་མ་ལྡང་བའི་གོང་དུ་བདེ་བའི་སྟན་ལ་འཁོད་དེ་ལུས་གནད་དྲང་པོར་བསྲང་ཞིང་རླུང་རོ་བསལ་ལ། ལྷག་པའི་བསམ་པ་རྩེ་གཅིག་པའི་སྒོ་ནས།

ན་མོ། སྐྱབས་གནས་ཀུན་འདུས་བླ་མ་ཚེ་ཡི་ལྷར། །

གུས་པས་སྐྱབས་མཆི་བདག་སོགས་མཁའ་མཉམ་འགྲོ། །

འཆི་བདག་བར་ཆད་གཡུལ་ལས་རྣམ་རྒྱལ་ཕྱིར། །

ཚེ་ཡི་རིག་འཛིན་བསྒྲུབ་པར་སེམས་བསྐྱེད་དོ། །

ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད།

ཨ། སྐད་ཅིག་དྲན་རྫོགས་ཆུ་ལས་ཆུ་ལྦུར་བཞིན། །

གནས་ཡུལ་པདྨོ་བདེ་ཆེན་ཕོ་བྲང་དབུས། །

རང་སེམས་དག་པ་ཧྲཱིཿདམར་འཕྲོ་འདུ་ལས། །

བཅོམ་ལྡན་མགོན་པོ་རིག་འཛིན་ཚེ་དཔག་མེད། །

རཱ་གའི་མདངས་ལྡན་བརྒྱད་གཉིས་ལང་ཚོ་ཅན། །

ཞི་འཛུམ་ཡིད་འོང་མཚན་དཔེའི་གཟི་བྱིན་འབར། །

མཉམ་གཞག་ཕྱག་ན་འཆི་མེད་ཚེ་བུམ་བསྣམས། །

གསང་ཡེ་དམར་སེར་མདའ་དར་བུམ་འཛིན་འཁྱུད། །

བདེ་ཆེན་མཉམ་སྦྱོར་ལོངས་སྐུའི་རྒྱན་ཆས་རྫོགས། །

ཉི་ཟླ་པད་སྟེང་རྡོ་རྗེ་སྐྱིལ་ཀྲུང་གིས། །

འཇའ་ཟེར་དྭངས་མར་འཁྲིགས་པའི་ཀློང་དུ་རོལ། །

ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་མ་ལུས་ཀུན། །

གདོད་ནས་ཚེ་ལྷའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །

སྤྱི་བོར་པདྨ་ཉི་ཟླའི་གདན་སྟེང་དུ། །

རིགས་ཀྱི་བདག་པོ་པད་འབྱུང་ཚེ་ཡི་བདག །

དཀར་དམར་ཞི་འཛུམ་མཉམ་གཞག་ཚེ་བུམ་རྡོ་རྗེའི་ཁ་རྒྱན་ཅན། འཛིན། །

ཡུམ་མཆོག་མནྡྷ་ར་དང་གཉིས་མེད་སྦྱོར། །

ལོངས་སྤྱོད་ཆས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་ཅན། །

བདེ་དྲོད་འོད་ཕུང་རབ་འབར་འཁོར་འདས་ཀྱི། །

ཚེ་བཅུད་དྭངས་མ་སྡུད་པའི་ཚུལ་དུ་བཞུགས། །

རང་གི་སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེར། །

ཉི་ཟླའི་གྭའུར་ལྔ་ལྡན་ཐིག་ལིའི་སྦུབས། །

རླུང་སེམས་དྭངས་མ་ཧྲཱིཿདམར་མར་མེ་ལྟར། །

འབར་བའི་འོད་ཀྱིས་སྣོད་བཅུད་སྟོང་ཁམས་ཁྱབ། །

དངོས་སྣང་མ་ལུས་ཧྲཱིཿཡིག་གསལ་འཚེར་འབར། །

མེར་མེར་ཤིགས་ཤིག་ཉི་ཟེར་རྡུལ་ལྟར་གཡོ། །

གྲགས་པའི་སྒྲ་སྐད་ཧྲཱིཿསྒྲ་སྙན་བརྗིད་གདངས། །

བུང་བ་ཚང་ཞིག་ལྟ་བུར་འུར་ཆེམ་ལྡིར། །

རྟོག་ཚོགས་རང་གྲོལ་འཛིན་མེད་ཁྱབ་བརྡལ་ཀློང་། །

བདེ་སྟོང་འཕོ་བྲལ་རྡོ་རྗེའི་སྲོག་ཏུ་རྫོགས། །

ཞེས་པའི་དམིགས་གནད་དང་བཅས་ཧྲཱིཿབཟླས་ཅི་འགྲུབ་བྱ་ཞིང་།

རེས་འགའ་བུམ་པ་ཅན་གྱི་རླུང་སྦྱོར་དང་བསྟུན་ཏེ་འགོག་བཟླས་སམ་རྡོར་བཟླས་ཀྱང་བྱ། ཁྱད་པར་འབར་འཛག་གིས་དྲངས་པའི་བདེ་ཆེན་འཆི་མེད་རྡོ་རྗེའི་ལང་ཚོ་སྤེལ་བའི་ཚུལ་མན་ངག་གི་ངེས་པ་བཞིན་ཉམས་སུ་བླང་ངོ་། །ཐུན་གྱི་མཐར་སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས།

ཧྲཱིཿ རྒྱལ་བ་ཀུན་དངོས་བཅོམ་ལྡན་ཚེ་དཔག་མེད༔

མཁྱེན་བརྩེ་ནུས་པའི་བདག་ཉིད་པདྨ་འབྱུང་༔

བཀའ་དྲིན་མཉམ་མེད་སྐྱབས་མགོན་རིན་པོ་ཆེ༔

མོས་གུས་གདུང་བ་དྲག་པོས་གསོལ་བ་འདེབས༔

ཡེ་ཤེས་ཆེན་པོས་དགོངས་པའི་རྩལ་བསྐྱེད་ལ༔

འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔

བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔

ཞེས་གསོལ་བ་དྲག་ཏུ་བཏབ་པས།

སྤྱི་བོའི་རིགས་བདག་ཐུགས་རྒྱུད་དབང་མེད་བསྐུལ༔

དགྱེས་པས་མི་བཟོད་ཡབ་ཡུམ་མཉམ་སྦྱོར་གྱི། །

བདེ་བའི་སྒྲ་དང་འོད་ཀྱིས་ཞིང་ཀུན་ཁྱབ། །

སྲིད་ཞིའི་ཚེ་བཅུད་ཡོངས་བསྡུས་སྐུ་ལ་ཐིམ། །

བླ་མ་དབུ་མའི་ལམ་བརྒྱུད་སྙིང་དབུས་བྱོན། །

ཐབས་ཤེས་དགྱེས་རོལ་བྱང་སེམས་དཀར་དམར་རྒྱུན། །

སྦྱོར་མཚམས་ནས་བབས་རང་ལུས་ལྟེམས་སེ་གང་། །

དྭངས་བཅུད་ཐུགས་སྲོག་ཧྲཱིཿལ་འུབ་ཀྱིས་འདྲིལ། །

ཉི་ཟླའི་ཁ་འགྲིགས་སྣ་ཚོགས་རྡོ་རྗེའི་རྭ། །

སྟེང་དུ་མདུད་པས་བསྡམས་ཤིང་རྒྱས་བཏབ་པས། །

རང་ལུས་སྟོང་གསལ་ནམ་མཁའི་རང་བཞིན་ཅན། །

འཆི་མེད་འཇའ་ལུས་ཡེ་ཤེས་རྡོ་རྗེའི་སྐུ། །

རྟག་བརྟན་འགྱུར་བ་མེད་པའི་དབྱིག་ཐེབ་གྱུར། །

ཅེས་མོས་འོད་གསལ་བདེ་བ་ཆེན་པོ་འཆི་མེད་གཉུག་མའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བ་ན།

བདག་གིས་འཆི་མེད་བསྒྲུབས་པའི་དགེ་ཚོགས་མཐུས། །

འགྲོ་ཀུན་རིག་འཛིན་ཚེ་ཡི་སྣོད་གྱུར་ནས། །

འཆི་བདག་མུན་པའི་གཡུལ་ངོ་མཐར་བྱས་ཏེ། །

ཕན་བདེའི་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །

ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །

ཚུལ་འདི་ནི་གཏེར་བྱོན་ཚེ་སྒྲུབ་ཟབ་རྒྱས་ཅན་མང་པོའི་དོན་གྱི་བཅུད་ཕྱུངས་ཏེ་ཉམས་ལེན་འཇུག་བདེ་སྙིང་པོར་དྲིལ་བ་སྟེ། བརྩོན་པས་ཉམས་སུ་བླང་ན་དུས་མ་ཡིན་པའི་འཆི་བ་ངེས་པར་བཟློག་ཅིང་ཚེ་རིང་དུ་བསྲིང་བར་འགྱུར་བ་ཐེ་ཚོམ་མེད་པའི་གདམས་པ་མྱོང་བས་གྲུབ་པ་ཡིན་ནོ། །

 

ཞེས་པའང་རང་གཞན་རྣམས་འཆི་མེད་རྡོ་རྗེའི་སྲོག་འགྲུབ་པར་དམིགས་པའི་རྒྱུ་དང་། ཟ་ཧོར་རཏྣ་པཱུ་རིའི་གྲོང་གི་སྔགས་བཙུན་བསྟན་འཛིན་ཆོས་འཕེལ་ནས་གསེར་གྱི་མེ་ཏོག་དང་བཅས་བསྐུལ་བའི་རྐྱེན་ལས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་དུས་བཟང་པོར་བྲིས་པ་ཨཱ་ཡུ་སིདྡྷི་ར་སྟུ།། །།

 

བདུད་འཇོམས་རིན་པོ་ཆེ།

Amitāyus, Boundless Life

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept