Prayer for the Long Life of Trulshik Rinpoche—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།གོང་ས་སྐྱབས་མགོན་ཆེན་པོ་མཆོག | བོད་ཀྱི་བླ་མ།འཁྲུལ་ཞིག་རིན་པོ་ཆེ།

English | བོད་ཡིག

གོང་ས་སྐྱབས་མགོན་ཆེན་པོ་མཆོག

འཁྲུལ་ཞིག་རིན་པོ་ཆེ།

Further information:
Download this text:

༄༅། །གུ་རུའི་རྒྱལ་ཚབ་རྫ་རོང་འཁྲུལ་ཞིག་ཞྭ་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འཆི་མེད་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

 

ཀུན་བཟང་གདོད་མའི་མགོན་པོ་ཤཱཀྱའི་རྒྱལ། །

མཐུ་སྟོབས་བདག་ཉིད་པད་མ་ཀ་རའི་ཞབས། །

རྡོ་རྗེ་གཞོན་ནུ་ཨཱརྻ་ཏཱ་རེ་སོགས། །

རྩ་གསུམ་ཞི་ཁྲོས་དེང་འདིར་དགེ་ལེགས་སྩོལ། །

 

ངག་དབང་འཇམ་དཔལ་དཔའ་བོས་བྱིན་བརླབས་པས། །

ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ཕྱོགས་ཀུན་ཏུ། །

བསྒྲེངས་ལ་བློ་གྲོས་ཟབ་མོའི་དཔལ་མངའ་བ། །

ཟླ་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །

 

བཻ་རོའི་སྒྱ་འཕྲུལ་དུས་ཀྱི་ཡང་མཐའ་འདིར། །

སླར་ཡང་ཁྲིམས་ལྡན་མཁན་པོའི་སྐུར་བཟུང་བ། །

བསྟན་དང་འགྲོ་བའི་མགོན་དཔུང་དམ་པ་རུ། །

ཞབས་པད་འགྱུར་མེད་བསྐལ་བརྒྱར་བརྟན་བཞུགས་གསོལ། །

 

བསྟན་དང་སྟོན་པ་གཅིག་གྱུར་སོ་སོ་ཐར། །

འཛིན་མཁས་སྡོམ་བརྩོན་རྒྱ་མཚོའི་གཙུག་གི་ནོར། །

དུ་མའི་འགྲོ་ལ་ཕན་བདེ་སྤེལ་བཞིན་དུ། །

ཞབས་པད་འགྱུར་མེད་བསྐལ་བརྒྱར་བརྟན་བཞུགས་གསོལ། །

 

གང་གི་ཐུགས་རྒྱུད་ཟབ་ཡངས་རྒྱ་མཚོའི་འཇིངས། །

བརྟན་མཁས་ཡོན་ཏན་དབྱིགས་ཀྱི་ཡོངས་སུ་གཏམས། །

ཁེངས་སྐྱུང་ཞི་དུལ་བཀའ་གདམས་རྣམ་ཐར་སྐྱོང༌། །

ཞབས་པད་འགྱུར་མེད་བསྐལ་བརྒྱར་བརྟན་བཞུགས་གསོལ། །

 

གངས་ལྗོངས་རིས་མེད་ཐུབ་བསྟན་རྒྱ་མཚོ་ཆེ། །

གང་གི་མཁྱེན་པའི་ཀློང་དུ་ལེགས་བསྐྱིལ་ཏེ། །

གསུམ་ལྡན་རྡོ་རྗེ་འཛིན་པར་མངོན་བཞེངས་པ། །

ཞབས་པད་འགྱུར་མེད་བསྐལ་བརྒྱར་བརྟན་བཞུགས་གསོལ། །

 

ཁྱད་པར་སྔ་འགྱུར་ཐེག་པའི་སྲོལ་ཆེན་པོ། །

བཀའ་གཏེར་ཟུང་འཇུག་བསྟན་པའི་སྙིང་པོ་གང། །

ཕྱོགས་དུས་ཀུན་ཏུ་མི་ཉམས་སྐྱོང་སླད་དུ། །

ཞབས་པད་འགྱུར་མེད་བསྐལ་བརྒྱར་བརྟན་བཞུགས་གསོལ། །

 

འཇམ་དབྱངས་རྣམ་གསུམ་ཡ་གྱལ་ཀློང་ཆེན་པའི། །

བཞེད་གཞུང་ངལ་གསོ་སྐོར་གསུམ་མཛོད་ཆེན་སོགས། །

བཤད་སྒྲུབ་བསྟན་སྲོལ་དར་རྒྱས་ཡུན་གནས་ཕྱིར། །

ཞབས་པད་འགྱུར་མེད་བསྐལ་བརྒྱར་བརྟན་བཞུགས་གསོལ། །

 

མདོར་ན་ཐུགས་བསྐྱེད་ཇི་ལྟར་མཛད་པ་བཞིན། །

ཐུབ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བའི། །

མཐུན་མིན་ཟབ་གསང་ཡུན་དུ་སྤེལ་བའི་སླད། །

ཞབས་པད་འགྱུར་མེད་བསྐལ་བརྒྱར་བརྟན་བཞུགས་གསོལ། །

 

ཆོས་དབྱིངས་རྣམ་དག་མཆོག་གསུམ་བྱིན་མཐུ་དང། །

བཀའ་སྡོད་བསྟན་སྲུང་ཚོགས་ཀྱི་ནུས་པའི་སྟོབས། །

བདག་ཅག་དད་དམ་རྩེ་གཅིག་བདེན་པའི་མཐུས། །

ཇི་ལྟར་སྨོན་པའི་དོན་འདི་ལྷུན་འགྲུབ་ཤོག །

 

ཅེས་པ་འདི་བཞིན། སྔ་འགྱུར་བསྟན་འཛིན་དམ་པ་རྫ་སྤྲུལ་ངག་དབང་བསྟན་འཛིན་ནོར་བུ་དང༌། སྨིན་གླིང་གཅུང་རིན་པོ་ཆེ། བདུད་འཇོམས་རིན་པོ་ཆེ། དགེ་ལུགས་ནས་དགའ་ལྡན་ཁྲི་ཟུར་བྱེས་གཙང་ལྷུན་གྲུབ་བརྩོན་འགྲུས་རིན་པོ་ཆེ། བདག་གི་མཁན་རིན་པོ་ཆེ་བཀའ་དྲིན་ཟླ་མེད་གླིང་ཁྲི་ཆེན་རྡོ་རྗེ་འཆང༌། འབྲས་དགེ་དགེ་འདུན་བཀྲ་ཤིས་སོགས་རིས་མེད་དམ་པ་དུ་མའི་དྲུང་ནས་མདོ་རྒྱུད་རྒྱ་མཚོའི་བདུད་རྩི་ངོམས་མེད་བཞེས་ཏེ་ཐུགས་ཀྱི་བུམ་བཟང་གང་བ། ལྷག་པར་དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ་རྡོ་རྗེ་འཆང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གང་གི་གདུང་འཚོབ། སྔ་འགྱུར་བསྟན་པའི་མཛེས་རྒྱན་གསུམ་ལྡན་རྡོ་རྗེ་འཛིན་པ་རྫ་རོང་འཁྲུལ་ཞིག་ཞྭ་སྤྲུལ་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཞལ་སྔ་ནས་དགུང་གྲངས་དོན་བརྒྱད་དུ་ཕེབས་ཉེར་བརྟེན། བརྟན་བཞུགས་གསོལ་འདེབས་རྒྱུན་འདོན་བྱ་རྒྱུ་ཞིག་འབྲི་དགོས་ཞེས་གང་གི་སྐུ་ཚ་ཞལ་སློབ་དགེ་སློང་ངག་དབང་ཆོས་འཕེལ་རྒྱ་མཚོས་རྟེན་བཅེས་བསྐུལ་བ་དང༌། དོན་གཉེར་ཅན་གཞན་འགས་ཀྱང་རེ་སྐུལ་བྱུང་བ་མ་ཟད། ངོས་རང་ལ་ཡང་ཟབ་མོའི་དབང་དང་ཁྲིད་ལུང་གདམས་པ་ཇི་སྙེད་ཅིག་སྩལ་ཐོབ་བཀའ་དྲིན་དྲན་པའི་དད་སྤྲོ་ཆེན་པོས་དྲངས་ཏེ། གུས་སློབ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་ ༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་ ༢ ཚེས་ ༢༤ ཉིན་བྲིས་པ། སྨོན་དོན་ཡིད་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept