བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

དངོས་གྲུབ་དམ་རྫས་ཚོགས་ལ་རོལ་པ།

English | བོད་ཡིག

༄༅། །དངོས་གྲུབ་དམ་རྫས་ཚོགས་ལ་རོལ་པ་ནི།

 

ལས་སློབ་ཀྱིས་འདུས་པའི་གཙོ་བོ་ལ་བཏུད་དེ་ཕྱག་བྱས་ནས་རྣམ་ལྔ་འདོད་སྐོར་གྱི་ཕྱག་རྒྱ་དང་སྦྲགས།

ཧོཿ བླ་མ་དཔའ་བོ་ཆེན་པོ་དགོངས་སུ་གསོལ། །

འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །

འདུས་པ་རྣམས་ལ་ཐེ་ཚོམ་མེད། །

བྲམ་ཟེ་ཁྱི་དང་གདོལ་པ་ཡང༌། །

རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །

ཞེས་པའི་ལན་དུ་སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་ཉིད་དང་བཅས།

བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །

འདོད་ཆགས་ལ་སོགས་དྲི་མ་སྤངས། །

གཟུང་འཛིན་རྣམ་པར་བྲལ་བ་ཡི། །

དེ་བཞིན་ཉིད་ལ་བདག་ཀྱང་འཚལ། །

ཨ་ལ་ལ་ཧོཿ

ཞེས་པས་བླང་ཞིང་། ལག་སོར་གཡས་གཡོན་རིགས་ལྔ་ཡབ་ཡུམ་དུ་མོས་ནས་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་ནང་གི་སྦྱིན་སྲེག་ལྟར་དབུལ་བ་ནི། སློབ་དཔོན་གྱིས་བསྐུལ་ལ་ཚོགས་པ་ཐམས་ཅད་ཀྱིས།

ཧོཿ བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །

གདན་གསུམ་ཚང་བའི་ངོ་བོ་སྟེ། །

དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །

འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །

རྡོ་རྗེའི་དམ་ཚིག་བླ་ན་མེད། །

བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །

གཉིས་མེད་མཉམ་པའི་ངང་དུ་རོལ། །

རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །

ཟས་ཀྱི་སྒྲིབ་པར་མི་འགྱུར་ཞིང༌། །

གཏན་པ་མེད་པའི་སྦྱིན་བདག་ཀྱང༌། །

ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །

ཅེས་བརྗོད་ནས་རྡོ་རྗེ་ལུས་ཀྱི་དག་དྲན་འདི་ལྟར་ངེས་པར་བྱ་སྟེ།

རྐང་མཐིལ་རླུང་། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ཁ་ས། སྒལ་ཚིགས་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཆ། ལུས་ཀྱི་དཀྱིལ་འཁོར་མི་མཉམ་པ་མེད་པ་གྲུ་བཞི། རྐང་བརྒྱད་ཀ་བ་བརྒྱད། མིག་པཉྩ་རཱ་ག སྣ་ཕ་གུ། སོ་དྲ་བ་དྲ་ཕྱེད། ལྕེ་མཆུ་འདོད་སྣམ། རྣ་བ་རྟ་བབས། སྙིང་གའི་རླུང་རྒྱུ་བའི་རྩ་བཞི་སྒོ་བཞི། རྣམ་པར་ཤེས་པ་ཧེ་རུ་ཀ ཚོགས་བརྒྱད་ཀེའུ་རཱི་མ་བརྒྱད། ཡུལ་བརྒྱད་ཕྲ་མེན་མ་བརྒྱད། རྟག་ཆད་མུ་བཞི་སྒོ་མ་བཞི། སྒལ་ཚིགས་ཉེར་བརྒྱད་དབང་ཕྱུག་ཉི་ཤུ་རྩ་བརྒྱད། མི་དགེ་བ་བཅུ་ཁྲོ་བོ་བཅུ། དགེ་བ་བཅུ་ཁྲོ་མོ་བཅུ། རྩིབ་མ་བཅོ་བརྒྱད་གིང་ཆེན་བཅོ་བརྒྱད། རུས་མགོ་སུམ་བརྒྱ་དྲུག་ཅུ་པོ་ཉ་སུམ་བརྒྱ་དྲུག་ཅུ། དབང་པོའི་སྒོ་བདུན་མ་མོ་བདུན། ལྷུ་ཚིགས་བཅུ་གཉིས་བསྟན་མ་བཅུ་གཉིས།

མདོར་ན་ལུས་རྩའི་དཀྱིལ་འཁོར། རྩ་ཡི་གེའི་དཀྱིལ་འཁོར། ཁམས་བདུད་རྩིའི་དཀྱིལ་འཁོར། རླུང་ཡེ་ཤེས་ཀྱི་དཀྱིལ་འཁོར། རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་རྣམ་པ་ལྔའི་བདག་ཉིད་དུ་མོས་པ་ལ་མཆོད་པའི་ཚུལ་གྱིས་ཚིམས་པར་རོལ།

དེའི་ཚེ་ཚོགས་ཀྱི་དམ་རྫས་ལ་སྨོད་པ་དང་། ཐེག་དམན་གྱི་བློས་བླང་དོར་དུ་བལྟ་བ་དང་། འཐབ་རྩོད་དང་། ཀུ་ཅོ་དང་། ཤགས་ལ་སོགས་པ་ནི་སྦོམ་པོ་བརྒྱད་ཀྱི་ཡ་གྱལ་ཡིན་པས་སྤང་བར་བྱའོ། །

དེ་ནས་རྡོ་རྗེའི་གླུ་གར་བྱ་བར་མོས་ན། ལས་སློབ་ཀྱིས་སློབ་དཔོན་ལ་ཕྱག་བྱས་ཏེ།

ཧོཿ དགོངས་སུ་གསོལ།

མངའ་དབང་རྫོགས་པའི་དཀྱིལ་འཁོར་ཆེན་པོར་ཀུན་ཏུ་བཟང་པོའི་ཚོགས་མཆོད་རྒྱ་མཚོས་ཕྱི་ནང་གི་འདུ་བ་དང་ཉེ་བའི་འདུ་བ་ལེགས་པར་མཆོད་ཟིན་པའི་གནས་སྐབས་འདིར་ནི་མུ་ཏིག་ཕྲེང་བ་ལས།

ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག །

དེ་ནས་གླུ་ལ་བརྩོན་པར་བྱ། །

ཞེས་པའི་དོན་ལྟར་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དགོངས་སྤྱོད་རྒྱ་མཚོས་རྡོ་རྗེའི་གླུ་གར་ལ་ཐུགས་གཏད་པར་ཞུ།

ཞེས་གསོལ་བ་བཏབ་ནས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱུང་རྒྱལ་དུ་བསྐྱང་བའམ། ཆོས་ཉིད་ཀྱི་གླུ་དབྱངས་སྙན་པོས་ལེན་པར་བྱ།

 

ཞེས་ཚོགས་རོལ་ལག་ལེན་འདི་ཉིད་རྒྱུན་དུ་འཇུག་པ་བདེ་ཕྱིར། བླ་མཆོད་དངོས་གྲུབ་རྒྱ་མཚོ་དང་། སྤྱོད་ཡུལ་ལམ་ཁྱེར་སངས་རྒྱས་ལམ་ཞུགས་གཉིས་ལས་ཁོལ་དུ་ཕྱུང་བ་དགེའོ། །

 

རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

Detail from a thangka showing a tsok offering

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept