བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཡུམ་བཀའ་བདེ་ཆེན་རྒྱལ་མོའི་དབང་གི་ཆོག་སྒྲིག་བདེ་ཆེན་བཅུད་འབེབ།

English | བོད་ཡིག

༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལས། ཡུམ་བཀའ་བདེ་ཆེན་རྒྱལ་མོའི་དབང་གི་ཆོག་སྒྲིག་བདེ་ཆེན་བཅུད་འབེབ་ཅེས་བྱ་བ་བཞུགས་སོ། །

 

ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །

སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །

དེ་རིང་བཤད་པའི་རིན་ཆེན་གཏེར། །

གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །

ན་མོ༔ སྐྱེ་མེད་ཡེ་ཤེས་མཁའ་འགྲོའི་སྐུ༔

འགགས་མེད་རང་བྱུང་རྣལ་འབྱོར་མ༔

རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ༔

འདུ་འབྲལ་མེད་པར་སྐྱབས་སུ་མཆི༔

ཧོ༔ འདི་ནས་བྱང་ཆུབ་མ་ཐོབ་བར༔

ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབ་ནས༔

ཕྱོགས་རིས་བྲལ་བའི་སེམས་ཅན་རྣམས༔

བདེ་ཆེན་ས་ལ་འགོད་པར་བགྱི༔

ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔

མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔

དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔

དག་པའི་མཆོད་པ་བཞེས་སུ་གསོལ༔

དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔

ཉེས་བྱས་མ་ལུས་བཤགས་པར་བགྱི༔

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔

མ་ཆགས་སྤྱོད་ལ་རྗེས་ཡི་རང་༔

དག་པའི་མཐའ་བཞི་དྲི་མ་མེད༔

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔

བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔

དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔

ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔

བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔

བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །

དེ་འདྲ་ཁོ་ནར་བདག་འགྱུར་ཤོག །

སྤྱོད་པ་རྨད་བྱུང་བསམ་ཡས་པ། །

འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །

བྱང་ཆུབ་སེམས་མཆོག་དམ་པ་དང་། །

སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །

སྲོག་གི་ཕྱིར་ཡང་མི་གཏོང་ན། །

རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད། །

ཨོཾ་ན་མ་སྟེ་ཧཱུྃ།

ཨོཾ་ན་མ་མི་ཧཱུྃ།

ཨོཾ་ན་མོ་ན་མ་ཧཱུྃ།

པྲ་ཏཱིཙྪ་བཛྲ་ཧོཿ

བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །

མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །

བདག་ཀྱང་ཡོངས་སུ་སྐྱོབ་པའི་ཕྱིར། །

ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །

ཨོཾ་པདྨོ་ཡོ་གི་ནཱི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་ཝཱ་རཱ་ཧཱི་ཧཱུྃཿ

བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །

བདག་ལ་ཉེ་བར་མཛད་དུ་གསོལ། །

དབང་བཞི་རྫོགས་པའི་དམ་ཚིག་ཏུ༔

རྡོ་རྗེ་སློབ་དཔོན་མི་སྤང་ཞིང་༔

མར་ངོའི་ཚེས་བཅུ་རྒྱུན་མི་གཅད༔

གཞོན་ནུ་མ་ལ་བསྙེན་བཀུར་བྱ༔

རྟག་ཏུ་བྱང་ཆུབ་སེམས་གཉིས་བསྒོམ༔

 

གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །

དེ་དག་ཐམས་ཅད་བདག་གིས་བགྱི། །

ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །

སློབ་མར་བཟུང་ནས་སྤྱད་དུ་གསོལ། །

 

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།

ཡུམ་ཀ་བདེ་ཆེན་རྒྱལ་མོ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept