Gathering Auspiciousness—Tibetan

Practices › Pilgrimage | Places › India | Deities › Buddha Śākyamuni | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Jamyang Khyentse Chökyi Lodrö at the Bodhi Tree, Bodhgaya

༄༅། །འཕགས་ཡུལ་མ་ག་དྷའི་བྱང་ཆུབ་ཆེན་པོའི་བཞུགས་གནས་རྟེན་དང་བརྟེན་པར་བཅས་པའི་གསོལ་སྨོན་བཀྲ་ཤིས་འཁྱིལ་བ་བཞུགས་སོ།།

 

ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ།

སྟོབས་བཅུའི་དབང་ཕྱུག་ཀུན་མཁྱེན་ཟས་གཙང་སྲས། །

རྒྱལ་བ་ཀུན་གྱི་དབུས་ན་པད་དཀར་ལྟར། །

རབ་བསྔགས་ལྷ་མིའི་བླ་མ་རྐང་གཉིས་གཙོ། །

ཐུབ་དབང་ཉི་མ་མཆོག་ལ་ཕྱག་འཚལ་ལོ། །

 

མཆོག་ཟུང་གཏད་རབས་བདུན་དང་གནས་བརྟན་ཆེ། །

ཉན་ཐོས་རང་རྒྱལ་བྱང་སེམས་འཁོར་གྱི་ཚོགས། །

བསམ་ཡས་དབུས་ན་འཇིགས་མེད་སེངྒེའི་སྒྲས། །

ཚངས་དབྱངས་ཆོས་སྒྲ་སྒྲོགས་ལ་ཕྱག་འཚལ་ལོ། །

 

རབ་འབྱམས་ཞིང་ཀུན་སྐུ་ཡི་བཀོད་པས་ཁྱབ། །

དེ་བཞིན་གཤེགས་པའི་ཚོགས་དང་བཀའ་བགྲོས་ཤིང་། །

འདུལ་བ་རྣམ་བཞིའི་ཆོ་འཕྲུལ་ཕ་མཐའ་ཡས། །

ཤཱཀྱ་སེངྒེའི་ཞབས་ལ་ཕྱག་འཚལ་ལོ། །

 

བྱང་ཆུབ་དམ་པ་མངོན་དུ་བརྙེས་པའི་གནས། །

རྡོ་རྗེ་གདན་གྱི་འཇིགས་མེད་སེང་གེའི་ཁྲི། །

བྱང་ཆུབ་ལྗོན་པའི་ཤིང་གིས་མཛེས་པ་དེར། །

ཐུབ་དབང་དོན་ཀུན་གྲུབ་ལ་ཕྱག་འཚལ་ལོ། །

 

གང་གི་རྣམ་ཐར་མཁའ་དང་རྒྱ་མཚོའི་མཇིངས། །

འཕགས་པའི་བློས་ཀྱང་གཞལ་དཀའི་གནས་གྱུར་ན། །

བྱིས་བློའི་སྐྲ་རྩེས་འཐོར་བའི་ངལ་བས་ཅི། །

འོན་ཀྱང་ཆ་ཤས་དད་པས་བསྟོད་པའི་མཐུས། །

བདག་སོགས་འདི་བཟུང་སྐྱེ་བ་ཐམས་ཅད་དུ། །

ཡོངས་འཛིན་བཤེས་གཉེན་དམ་པར་འཕྲད་པ་དང་། །

ཀུན་མཁྱེན་ཐུབ་པ་ཆེན་པོས་རྗེས་བཟུང་ནས། །

ཐེག་མཆོག་དམ་པའི་ཆོས་ལ་སྤྱོད་པར་ཤོག །

 

ནམ་ཞིག་རྒྱལ་ཚབ་མ་ཕམ་མགོན་པོ་ཡིས། །

བཛྲ་སཱ་ནར་ཆོས་འཁོར་བསྐོར་བའི་དུས། །

འཁོར་གྱི་ཐོག་མར་ལུང་བསྟན་དབུགས་དབྱུངས་ཐོབ། །

བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །

 

དལ་འབྱོར་རྟེན་ཐོབ་ཚུལ་ཁྲིམས་ཕུང་པོ་རྫོགས། །

བདེ་བར་གཤེགས་པའི་ཆོས་མཛོད་རབ་འཛིན་ཏེ། །

རྡོ་རྗེ་གདན་གྱི་སྤོ་ལ་མངོན་འཚང་རྒྱ། །

ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །

 

གནས་འདིར་དད་མོས་འབྲེལ་བས་བསྡུས་པ་ཡི། །

གཙོ་བྱས་མ་གྱུར་རིགས་དྲུག་སེམས་ཅན་རྣམས། །

འཁོར་བ་ངན་སོང་སྡུག་བསྔལ་ལས་གྲོལ་ཏེ། །

བདེ་ལྡན་ཞིང་དུ་བརྫུས་ཏེ་སྐྱེ་བར་ཤོག །

 

བསྟན་འཛིན་སྐྱེས་རྣམས་སྐུ་ཚེའི་ལྗོན་བཟང་བརྟན། །

བསྟན་པའི་སྦྱིན་བདག་དབུ་རྨོག་རབ་ཏུ་བཙན། །

དགེ་འདུན་འདུས་པ་ལི་ཁྲིའི་ཆུ་གཏེར་རྒྱས། །

རྒྱལ་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །

 

ཅེས་པའང་རང་སློབ་གཡག་ཟེ་བ་འགྱུར་མེད་གྲགས་པས་བཀྲ་ཤིས་པའི་ལྷ་རེག་རིན་ཆེན་གཉིས་པའི་འཁོར་ལོ་དང་། ནོར་བུའི་དབྱིབས་ཅན་གྱི་དབྱིག་རྡོ་བཅས་བསྐུལ་བ་བཞིན། མེ་བྱ་ལོ་ཟླ ༡༡ ཚེས ༣༠ ལ་རྡོ་རྗེ་གདན་གྱི་གནྡྷོ་ལ་བྱང་ཆུབ་ཆེན་པོའི་མདུན་དུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་རིམ་བཞིན་དྲུང་ཚེ་རིང་བཀྲ་ཤིས་ཀྱིས་གུས་པས་བྲིས་པ་དགེ་ལེགས་འཕེལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept