Gatön Ngawang Lekpa Guru Yoga—Tibetan

Practices › Guru Yoga | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།སྒ་སྟོན་ངག་དབང་ལེགས་པ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

སྒ་སྟོན་ངག་དབང་ལེགས་པ།

Further information:
Download this text:

༄༅། །སྒ་སྟོན་ཆོས་རྗེ་རྡོ་རྗེ་འཆང་ལེགས་པ་རིན་པོ་ཆེའི་བླ་མའི་རྣལ་འབྱོར་བྱིན་བརླབས་གཏེར་ཆེན་ཞེས་བྱ་བ་བཞུགས་སོ།  །

 

ཨོཾ་སྭསྟི།

གང་ལ་བསྙེན་པས་དཔལ་དམ་པ།  །
རབ་ཏུ་སྦྱིན་མཛད་བླ་མ་རྗེར།  །
བཏུད་ནས་རྣལ་འབྱོར་ཟབ་མོའི་ལམ།  །
མོས་གུས་འཕེལ་ཕྱིར་ཉུང་ངུ་སྤེལ།  །

དེ་ལ་བླ་མར་མོས་གུས་ལམ་གྱི་སྲོག་ཏུ་བཟུང་ནས་འདི་ལ་འབད་པར་བྱ་སྟེ།

དེའང་སྔོན་འགྲོ་སྐྱབས་སེམས་ནི།

བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར།  །

རིགས་ཀུན་འདུས་ཞལ་མཆོག་ལ་སྐྱབས་སུ་མཆི།  །

འགྲོ་རྣམས་བླ་མེད་བྱང་ཆུབ་ལ་འགོད་ཕྱིར།  །

ཟབ་མོ་བླ་མའི་རྣལ་འབྱོར་ཉམས་བླངས་བགྱི།  །

ཞེས་ཅི་ནུས་དང་།

དངོས་གཞི་རྟེན་བསྐྱེད་པ་ནི།

ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ཀྱིས་སྟོང་པར་སྦྱངས།

རང་ཉིད་གནས་པའི་ས་ཕྱོགས་བདེ་བ་ཅན།  །

ཡིད་འཕྲོགས་ཞིང་གི་བཀོད་པ་བསམ་ལས་འདས།  །

བཻཌཱུཪྻ་དང་མར་གད་ས་གཞི་ལ།  །

གསེར་གྱི་མིག་མང་རིས་བྲིས་བསྟར་བའི་གཞིར།  །

ནོར་བུ་ཆུ་ཤེལ་སྔོན་པོའི་ཁང་བཟང་ལ།  །

གསེར་དང་རིན་ཆེན་སྣ་ཚོགས་རྒྱན་སྤྲས་དབུས།  །

རཏྣའི་ཁྲི་དང་པད་དཀར་ཟླ་གདན་སྟེང་།  །

རྩ་བའི་བླ་མ་ཆོས་རྗེ་རྡོ་རྗེ་འཆང་།  །

ངག་དབང་ལེགས་པ་སེམས་དཔའ་པདྨའི་རྒྱལ།  །

སྐུ་མདོག་དམར་གསལ་ཞི་འཛུམ་དགྱེས་ཉམས་ཅན།  །

ལོངས་སྐུའི་ཆས་ཅན་དར་དང་རིན་ཆེན་བརྒྱན།  །

ལྷ་རྫས་སྔོན་པོའི་སྨད་གཡོགས་མཛེས་པར་བཀླུབས།  །

ཕྱག་གཡས་པུས་མོའི་སྟེང་དུ་ས་གནོན་དང་།  །

གཡོན་པས་སྐྱབས་སྦྱིན་ཐུགས་ཀར་གཏོད་པ་ཡི།  །

མཐེབ་སྲིན་བར་ནས་གསེར་གྱི་མྱུ་གུ་ནི།  །

རབ་རྒྱས་སྙན་གྱི་ཐད་ཀར་གྱེས་པའི་རྩེར།  །

འཆི་མེད་ཚེ་ཡི་བདུད་རྩིའི་བུམ་བཟང་བསྣམས།  །

ཞབས་གཉིས་རྟ་བབ་སྐྱིལ་མོ་ཀྲུང་གིས་ནི།  །

གཡས་པ་པད་སྡོང་རྒྱས་པའི་སྟེང་མནན་ཞིང་།  །

དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར།  །

རྣམ་བཀྲ་སྒེག་ཅིང་མཚན་དཔེའི་དཔལ་དུ་འབར།  །

སྐུ་ལ་གདན་གསུམ་དཀྱིལ་འཁོར་ཆེན་པོ་རྫོགས།  །

གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས།  །

འོད་འཕྲོས་སྐྱབས་གནས་ཐམས་ཅད་སྤྱན་དྲངས་ཤིང་།  །

རྩ་བའི་བླ་མ་ཉིད་ལ་ཐིམ་པར་གྱུར།  །

དེ་ནས་ཡན་ལག་བདུན་པ་བཟང་སྤྱོད་ནས་འབྱུང་བ་ལྟར་དང་།  གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ།  ཞེན་པ་སྤོངས་བ་དཀོན་ལྷུན་ལམ་ཟབ་ལྟར།

གསོལ་བ་གདབ་པ་ནི།

རིགས་ཀུན་ཁྱབ་བདག་སེམས་དཔའ་པདྨའི་རྒྱལ།  །

གསུང་གི་རྡོ་རྗེ་འོད་སྣང་མཐའ་ཡས་དང་།  །

དབྱེར་མེད་སྐྱབས་ཀུན་འདུས་ཞལ་ཆེན་པོ་ལ།  །

གསོལ་བ་འདེབས་སོ་བདེ་ཆེན་ཞིང་དུ་དྲོངས།  །

བླ་མ་ཀུན་འདུས་པདྨ་སེམས་དཔའ་མཁྱེན།  །

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།  །

ཡི་དམ་ཀུན་འདུས་པདྨ་སེམས་དཔའ་མཁྱེན།  །

མཆོག་དང་ཐུན་མོངས་དངོས་གྲུབ་ཆར་ཆེན་ཕོབ།  །

མཁའ་འགྲོ་ཀུན་འདུས་པདྨ་སེམས་དཔའ་མཁྱེན།  །

ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ།  །

ཆོས་སྐྱོངས་ཀུན་འདུས་པདྨ་སེམས་དཔའ་མཁྱེན།  །

དམ་ཆོས་སྒྲུབ་པའི་འགལ་རྐྱེན་མི་མཐུན་བཟློག  །

ནོར་ལྷ་ཀུན་འདུས་པདྨ་སེམས་དཔའ་མཁྱེན།  །

མཐུན་རྐྱེན་དཔལ་འབྱོར་འདོད་རྒུའི་སྤྲིན་ཕུང་འཁྲིགས།  །

སྐྱབས་གནས་ཀུན་འདུས་པདྨ་སེམས་དཔའ་མཁྱེན།  །

བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་བཟུང་།  །

ཅེས་དང་།

སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ།  སོགས་ནས།  ཐུགས་རྗེས་ཟུངས།

ཞེས་པ་རྣམས།  སྤྲོ་ན་མཎྜལ་རྒྱས་བསྡུས་དང་སྤེལ་ལ་གྲངས་བསོག  །

ཁྱད་པར་དུ་རྗེ་ཉིད་ཀྱིས་ཞལ་གསུང་།

ངག༵་གི་དབ༵ང་ཕྱུག་འཇམ་དབྱངས་ས་སྐྱ་པའི།  །

ཟབ་རྒྱས་སྙན་བརྒྱུད་རྒྱ་མཚོའི་མཛོད་བཟུང་ནས།  །

ལེག༵ས་བཤད་དགའ་སྟོན་འགྱེད་ལ་ཟླ་མེད་པ༵།  །

དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།  །

ཅེས་པ་གྲངས་ཅི་ནུས་དང་།  ཐུགས་དམ་རྒྱུད་བསྐུལ་གྱི་བཟླས་པ་ནི།

ཨོཾ་ཨཱཿབཛྲ་གུ་རུ་བྷོ་དྷི་སཏྭ་པདྨ་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ།

ཞེས་ཅི་ནུས་བསྙེན།  མཐར།  སྲས་བཅས་སངས་རྒྱས་སོགས་ཀྱི་སྡོམ་བཟུང་དང་།

དབང་བླངས་བ་ལམ་ཟབ་ལྟར་ལ།

མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ།  །

ཐུགས་ཡིད་གཅིག་འདྲེས་རང་སེམས་གསལ་སྟོང་ནི།  །

ཟུང་འཇུག་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་།  །

དུས་གསུམ་རྟོག་པས་མ་བསླད་རང་ཞལ་བསྐྱངས།

ཞེས་ཅི་གནས་སུ་མཉམ་པར་བཞག  །

ཐུན་ལས་ལྡང་བ་ན།  སངས་རྒྱས་ཀུན་འདུས༴  སོགས་དང་།

 

བླ་མའི་ཞབས་པད་གུས་པས་རྟག་བསྟེན་པས།  །

དགྱེས་པས་ཐུགས་རྗེ་ཆེན་པོས་བདག་བཟུང་སྟེ།  །

རྡོ་རྗེ་ཐེག་སོགས་གཞུང་མང་སྤྱོད་པ་དང་།  །

སྙན་བརྒྱུད་བཞི་དང་རྟག་ཏུ་ལྡན་པར་ཤོག  །

 

སྤང་བྱའི་སྡེ་རྣམས་ཀུན་དང་འཁོན་གྱུར་ཏེ།  །

རབ་དགའ་ལ་སོགས་ས་ཡི་མཆོག་གྱུར་པ།  །

ཟླ་བ་ཀུ་མུད་ལྟར་སྐྱ་ཐོབ་གྱུར་ནས།  །

ས་བཅུའི་རྒྱལ་སྲས་རྣམས་དང་འགྲོགས་པར་ཤོག  །

 

རྣལ་འབྱོར་འདིས་ནི་རྒྱལ་བ་ཐོབ་ཅེས་པའི།  །

སྙན་པའི་གྲགས་པས་ཕྱོགས་ཀུན་རྒྱས་གྱུར་པས།  །

བདུད་དཔུང་སྡེ་བཅས་ཡི་མུག་དཔའ་བཀོང་ནས།  །

ཐར་པའི་རྒྱལ་མཚན་མྱུར་དུ་སློངས་བར་ཤོག  །

 

རྒྱལ་སྲས་རྣམས་དང་རྟག་ཏུ་རོལ་བྱེད་ཅིང་།  །

རྡོ་རྗེའི་ལུས་སུ་གྲུབ་ཅིང་དཔལ་གྱུར་པས།  །

བློ་མཆོག་རྣམས་དང་འགྲོགས་ཤིང་བཞད་པའི་སྒྲས།  །

རྡོ་རྗེ་དྲིལ་བུ་རོལ་ཅིང་འགྱིང་པར་ཤོག  །

 

དེ་ལྟར་བདག་གིས་ཐོབ་པར་གྱུར་ནས་ཀྱང་།  །

ནམ་མཁའི་མཐའ་གཏུགས་གྱུར་པའི་སེམས་ཅན་རྣམས།  །

སྲིད་པའི་མཚོ་ལས་སྒྲོལ་བར་བྱེད་པ་ཡི།  །

གྲུ་ཆེན་འཛིན་པའི་དེད་དཔོན་རྒྱལ་པོར་ཤོག  །

 

དཔལ་ལྡན་བླ་མའི་ཐུགས་རྗེའི་སྟོབས་དང་ནི།  །

བདག་གི་སྟོབས་དང་བསོད་ནམས་ཐམས་ཅད་ཀྱིས།  །

ཇི་ལྟར་སྨོན་ལམ་བཏབ་པ་དེ་བཞིན་དུ།  །

བདག་དང་འགྲོ་བས་རབ་ཏུ་འགྲུབ་པར་ཤོག  །

 

ཅེས་བསྔོ་སྨོན་བྱ་ཞིང་རྗེས་ཐོབ་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ།  །

དགེ་འདིས་བདག་གཞན་འགྲོ་བ་ཀུན།  །
བླ་མ་མཆོག་གི་རྗེས་བཟུང་ཞིང་།  །
འདི་ཉིད་ཡིད་ལ་བྱེད་པ་རྣམས།  །
ཀུན་མཁྱེན་ཡེ་ཤེས་ཐོབ་གྱུར་ཅིག  །

 

ཅེས་པའང་འཁྲུལ་སྣང་ཅུང་ཟད་ཀྱིས་མཚམས་སྦྱར་ཏེ་བཀའ་འབང་གི་ཐ་ཆུང་ཆོས་ཀྱི་བློ་གྲོས་པས་བྲིས་པ་སིདྡྷིར་བྷ་ཝནྟུ།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept