བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན།

English | Español | Français | བོད་ཡིག

༄༅། །བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་བཞུགས་སོ། །

 

ན་མོ་གུ་ར་ཝེ།

རང་རིག་བླ་མར་ཕྱག་འཚལ་ནས། །རྡོ་རྗེའི་ཡེ་ཤེས་འབེབས་པའི་ཐབས། །བྱིན་རླབས་བླ་མའི་རྣལ་འབྱོར་ནི། །མདོར་བསྡུས་ཉུང་གསལ་སྙིང་པོར་སྤེལ། །

བདེ་བའི་སྟན་ལ་བག་ཕབས་སྟེ། །ངེས་འབྱུང་བྱང་སེམས་རྒྱུད་སྦྱངས་ནས། །

 

ཨ། རང་རིག་ཀ་དག་ཆོས་ཀྱི་སྐུ། །

རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །

རིག་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ། །

རང་ངོ་ཤེས་པས་སྐྱབས་སུ་མཆི། །

ཞེས་ལན་གསུམ།

 

ཨ། མ་རིག་འཁྲུལ་པའི་སེམས་ཅན་རྣམས། །

སྐུ་གསུམ་ས་ལ་འགོད་པའི་ཕྱིར། །

སྨོན་འཇུག་བྱང་ཆུབ་སེམས་སྦྱངས་ཤིང་། །

རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །

ལན་གསུམ།

 

སེམས་ཅན་བདེ་དང་ལྡན་གྱུར་ཅིག །

སྡུག་བསྔལ་ཀུན་དང་བྲལ་བར་ཤོག །

བདེ་དང་རྟག་ཏུ་མི་འབྲལ་ཞིང་། །

ཆོས་ཀུན་བཏང་སྙོམས་ལ་གནས་ཤོག །

ཅེས་ཚད་མེད་བཞི་སྒོམ།

 

ཨ། མདུན་མཁར་འཇའ་འོད་འཁྲིགས་པའི་ཀློང་། །

སེང་ཁྲི་པདྨ་ཟླ་ཉི་བརྩེགས། །

སྟག་ལྤགས་སྡེར་བཞི་བགྲད་པའི་སྟེང་། །

པདྨ་ཡེ་ཤེས་རྡོ་རྗེ་ནི། །

ཧེ་རུ་ཀ་དཔལ་རྣལ་འབྱོར་སྤྱོད། །

དམར་སྨུག་འཛུམ་ཁྲོའི་ཉམས་ལྡན་པ། །

ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལ། །

གཡོན་པས་མཉམ་བཞག་ཐོད་པ་བསྣམས། །

རུས་རྒྱན་སྟག་ཤམ་དྲིལ་གཡེར་སྒྲོགས། །

མཆན་གཡོན་རྡོ་རྗེའི་ཁ་ཊྭཱཾ་བཟུང་། །

སྣང་སྲིད་ཟིལ་གནོན་ཆེན་པོར་གསལ། །

གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །

འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ། །

 

ཧཱུྃ་ཧྲཱིཿ རང་བཞིན་རྣམ་དག་ཕོ་བྲང་ནས། །

སྐྱེ་མེད་ཆོས་སྐུའི་བླ་མ་གཤེགས། །

གསལ་རྫོགས་ཁྱབ་བརྡལ་ཕོ་བྲང་ནས། །

འགག་མེད་ལོངས་སྐུའི་བླ་མ་གཤེགས། །

རིག་རྩལ་འགྲོ་འདུལ་ཕོ་བྲང་ནས། །

གནས་མེད་སྤྲུལ་སྐུའི་བླ་མ་གཤེགས། །

སྐུ་གསུམ་དབྱེར་མེད་ཕོ་བྲང་ནས། །

རྡོ་རྗེའི་བླ་མ་གཤེགས་སུ་གསོལ། །

རྣལ་འབྱོར་བདག་ལ་བྱིན་གྱིས་རློབས། །

བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ

 

ཚོགས་བསགས་པ་ནི།

ཨོཾ་ཨཱཿཧཱུྃ། རང་སྣང་རྣམ་དག་བླ་མ་ལ། །

མཚན་འཛིན་བྲལ་བས་ཕྱག་འཚལ་ལོ། །

དག་མཉམ་ཆོས་སྐུའི་མཆོད་པ་འབུལ། །

སྡིག་སྒྲིབ་སྐྱེ་མེད་ཀློང་དུ་བཤགས། །

མ་བྱས་དགེ་ལ་རྗེས་ཡི་རངས། །

གཞོམ་མེད་བརྗོད་བྲལ་ཆོས་འཁོར་བསྐོར། །

མི་འགྱུར་རྟག་པའི་ཁྲི་ལ་བཞུགས། །

ཟག་མེད་ཆོས་དབྱིངས་ཆེན་པོར་བསྔོ། །

སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །

 

མཎྜལ་འབུལ་བ་ནི།

ཨོཾ་ཨཱཿཧཱུྃ། བདག་དང་མཐའ་ཡས་སེམས་ཅན་གྱིས། །

ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན། །

ཕྱི་ནང་གསང་བའི་མཎྜལ་གྱིས། །

བླ་མ་རྒྱལ་བ་སྲས་བཅས་མཆོད། །

ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོཿ

ཞེས་འབུལ།

 

གསོལ་བཏབ་དབང་བླང་བྱ་བ་ནི།

ཕྱི་ལྟར་རྒྱལ་སྲས་ཆོས་ཀྱི་བློ་གྲོས་རྗེ། །

ནང་ལྟར་འཇམ་དཔལ་དྲི་མེད་བཤེས་གཉེན་ཞབས། །

གསང་བ་མཚན་རྫོགས་ཧེ་རུ་ཀ་དཔལ་ལ། །

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

 

ཐུགས་དམ་རྒྱུད་བསྐུལ་བཟླས་པ་ནི།

ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་ཧེ་རུ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ།

 

ཐུན་མཐར་དབང་བླངས་དངོས་གྲུབ་ཞུ།

བླ་མའི་གནས་གསུམ་ཡིག་འབྲུ་ལས། །

འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། །

རང་གི་གནས་གསུམ་ཐིམ་པ་ཡིས། །

དབང་བསྐུར་བྱིན་རླབས་དངོས་གྲུབ་ཐོབ། །

བླ་མ་འོད་ཞུ་རང་ལ་ཐིམ། །

མ་བཅོས་འཛིན་བྲལ་ངང་དུ་བཞག །

 

ཐུན་མཐར་དགེ་བསྔོ་སྤྱི་ལྟར་བྱ། །རྗེས་ཐོབ་བླ་མའི་ལམ་འཁྱེར་བརྩོན། །

 

དེ་ལྟར་ཟབ་པའི་རྣལ་འབྱོར་འདི། །རང་ལ་སྦྱོར་འོས་མི་ཆེ་ཡང་། །ལྷ་རིགས་བདེ་སྐྱོང་དབང་མོ་ནི། །གཡུ་སྒྲོན་མཆོག་གི་གསུང་བསྐུལ་ངོར། །ཆོས་ཀྱི་བློ་གྲོས་ཞེས་བྱ་བས། །ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལ། །གང་ཤར་ཐོལ་བྱུང་ཉིད་དུ་སྨྲས། །དགེ་བས་འཁོར་བ་དོང་སྤྲུགས་ཤོག །ས་མ་པྟ་ཨྠྉ།།  །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept