Opening the Door of Dharma—Tibetan

Schools & Systems › Nonsectarianism | Literary Genres › Advice | Buddhist Philosophy › Vehicles | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | Français | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །ཐེག་པ་མཐའ་དག་གི་སྙིང་པོ་མདོ་ཙམ་བརྗོད་པ་ཆོས་ཀྱི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །

བདག་ཏུ་ལྟ་བའི་དྲྭ་བ་འདུལ་མཛད་ཅིང་། །
ཡེ་ཤེས་རལ་གྲིའི་འོད་ཀྱིས་སྲིད་གསུམ་ཁྱབ། །
རྒྱལ་བ་ཀུན་གྱི་མཁྱེན་རབ་ཕུང་པོ་ཆེ། །
མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

ཐེག་པ་མཐའ་ཡས་ཆོས་ཚུལ་བསམ་མི་ཁྱབ། །
བརྗོད་པར་ནུས་མིན་འོན་ཀྱང་མདོ་ཙམ་ཞིག །
ཉུང་ངུའི་ངག་གི་རྣམ་པར་དབྱེ་བ་ནི། །
ཆ་ཤས་ཙམ་ཞིག་བདག་གི་བརྗོད་པར་བྱ། །

ཀུན་མཁྱེན་སྟོན་པ་ཤཱཀྱ་སེང་གེ་ཡི། །
ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ། །
དང་པོས་བསོད་ནམས་མིན་པ་བཟློག་པ་དང་། །
བར་པས་བདག་ཏུ་ལྟ་བ་བཟློག་པ་དང་། །
ཐ་མས་ལྟ་གཞི་ཐམས་ཅད་བཟློག་པར་གསུངས། །

བརྗོད་བྱ་བསླབ་གསུམ་རྗོད་བྱེད་གསུང་རབ་ནི། །
ཡན་ལག་བཅུ་གཉིས་ཁོངས་སུ་བསྡུ་བ་དང་། །
གསང་བ་སྔགས་ཀྱི་ཐེག་པ་ཆེན་པོ་ལ། །
ཁ་ཅིག་ནང་གི་མངོན་པ་ཞེས་བཤད་ཀྱང་། །
རིག་པ་འཛིན་པའི་སྡེ་སྣོད་ཅེས་གསུངས་ཏེ། །
ལོགས་སུ་བཀར་བ་དེ་ཉིད་ལེགས་པར་བཞེད། །

བོད་དུ་འགྱུར་བ་པུསྟི་བརྒྱ་ལྷག་ཙམ། །
འོན་ཀྱང་བཀའ་ཡི་ཚད་བཟུང་མི་ནུས་སོ། །

བཀའ་ཡི་དགོངས་འགྲེལ་བསྟན་བཅོས་རྣམ་གྲངས་ལ། །
ཐེག་དམན་བྱེ་བྲག་བཤད་མཛོད་ལ་སོགས་པ། །
ཐེག་ཆེན་དགོངས་འགྲེལ་འཛམ་གླིང་རྒྱན་དྲུག་དང་། །
རྨད་བྱུང་སློབ་དཔོན་ལ་སོགས་མཁས་རྣམས་ཀྱིས། །
མཛད་པ་ཤིན་ཏུ་རྣམ་གྲངས་མང་པོ་དང་། །
གསང་སྔགས་རྒྱུད་སྡེའི་འགྲེལ་དང་སྒྲུབ་ཐབས་དང་། །
མན་ངག་བསམ་མི་ཁྱབ་པ་བཞུགས་པ་རྣམས། །
སྔོན་བྱོན་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས། །
བོད་དུ་བསྒྱུར་བ་གླེགས་བམ་ཉིས་བརྒྱ་ལྷག །
བཞུགས་པ་རྣམས་ཀྱིས་བསྟན་པའི་གཞི་འཛིན་བྱེད། །

འཕགས་པའི་ཡུལ་དུ་གསར་རྙིང་ཞེས་པ་མེད། །
བོད་དུ་ལོ་ཙཱ་རྣམས་ཀྱིས་འགྱུར་སྔ་ཕྱིས། །
གསར་རྙིང་དབྱེ་བ་རིན་བཟང་བྱོན་ཡན་ཆོད། །
འགྱུར་བ་སྔ་འགྱུར་རྙིང་མ་དེ་ཕྱིན་ཆོད། །
གསར་མ་ཞེས་དབྱེ་དེ་ཡང་འདུལ་མདོ་མངོན། །
གསང་སྔགས་ཕྱི་རྒྱུད་གསུམ་པོ་ལ་སོགས་པ། །
ཕལ་ཆེར་བསྟན་པ་སྔ་དར་དུས་སུ་འགྱུར། །
རྣལ་འབྱོར་བླ་མེད་བདེ་ཀྱཻ་དུས་གཤིན་སོགས། །
ཕྱི་འགྱུར་ཤས་ཆེ་སྔ་འགྱུར་རྙིང་མ་ལ། །
ཏནྟྲ་ཆེན་པོ་བཅོ་བརྒྱད་ལ་སོགས་པ། །
བླ་མེད་རྒྱུད་སྡེ་རྣམ་གྲངས་ཤིན་ཏུ་མང་། །
དེ་ལ་གསར་མའི་མཁས་མཆོག་འགའ་ཞིག་གིས། །
རྒྱུད་ནི་ཚད་མ་མིན་ཞེས་གསུངས་ན་ཡང་། །
གཟུར་གནས་རྣམས་ཀྱི་ཚད་མ་ཉིད་དུ་བསྔགས། །
དོན་ལའང་དེ་ལྟར་འཁྲུལ་མེད་གནས་པར་སེམས། །
རྒྱུ་མཚན་ཅི་ཕྱིར་ཞེ་ན་བཀའ་དང་ནི། །
བསྟན་བཅོས་རྣམས་ཀྱི་ཟབ་དང་རྒྱ་ཆེའི་དོན། །
ཇི་བཞིན་སྟོན་པས་སྤྱི་བོས་བླངས་པར་རིགས། །

དེ་ལ་གསང་སྔགས་རྙིང་མར་ཐེག་རིམ་དགུ། །
བསྡུ་ན་རྒྱུ་འབྲས་ཐེག་པ་གཉིས་སུ་འདུ། །
རྒྱུ་ཡི་ཐེག་པ་ཉན་རང་བྱང་སེམས་གསུམ། །
འབྲས་བུ་སྔགས་ལ་ཕྱི་རྒྱུད་སྡེ་གསུམ་དང་། །
ནང་པ་ཐབས་ཆེན་རྒྱུད་སྡེ་གསུམ་ཡོད་དེ། །
དེ་དག་རྣམས་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི། །
རྣམ་པར་བཞག་པ་མང་དུ་ཡོད་གྱུར་ཀྱང་། །
ཉུང་ངུའི་ངག་གིས་འདི་རུ་འབྲི་མི་ནུས། །

སྔ་འགྱུར་རྙིང་མ་བཀའ་གཏེར་དག་སྣང་གསུམ། །
གསང་སྔགས་གསར་མ་ཇོ་བོ་བཀའ་གདམས་ཞེས། །
ཨ་ཏི་ཤ་དང་རྒྱལ་བ་འབྲོམ་སྟོན་པ། །
སྐུ་མཆེད་གསུམ་སོགས་བསྟན་འཛིན་བསམ་མི་ཁྱབ། །

བཀའ་གདམས་རྙིང་མ་ས་བཀར་ཀུན་ལའང་འདྲེས། །
དེ་ཉིད་གཞི་བཟུང་འཇམ་དབྱངས་ཙོང་ཁ་པས། །
འདུལ་མདོ་དབུ་མ་ཕར་ཕྱིན་གསང་སྔགས་སོགས། །
རྒྱས་པར་མཛད་ཅིང་དེ་ཡི་རིང་ལུགས་ཀྱིས། །
འཛིན་མའི་ཁྱོན་ཀུན་ཐམས་ཅད་ཁྱབ་པར་གྱུར། །
དེ་ཡི་བཞེད་པའི་མདོ་སྔགས་ཟབ་གནད་ལ། །
ལྷག་པའི་ལྷ་དང་རང་གི་རྣམ་དཔྱོད་ཀྱི། །
ཤེས་རབ་ཟབ་མོའི་སྒྲོམ་ལས་ཐོན་པ་ཡི། །
ཁྱད་ཆོས་མང་བཞུགས་ལེགས་བཤད་རྣམས་སུ་གསལ། །

ས་སྐྱ་པ་ཞེས་རྗེ་བཙུན་གོང་མ་ལྔས། །
རྣལ་འབྱོར་དབང་ཕྱུག་བིརླ་པ་ཆེན་པོ། །
ནཱ་རོ་པ་དང་རྡོ་རྗེ་གདན་པ་སོགས། །
འཕགས་ཡུལ་མཁས་གྲུབ་མང་པོའི་མདོ་སྔགས་ཀྱི། །
བཞེད་སྲོལ་འཛིན་ཅིང་སྔ་འགྱུར་རྙིང་མ་ཡི། །
ཡང་དག་ཕུར་པ་སོགས་ཀྱང་འཁོན་ལུགས་ཞེས། །
ཁྱད་པར་འཕགས་པ་ཉམས་པ་མེད་པར་བཞུགས། །
འཛམ་གླིང་མཁས་པའི་གཙུག་རྒྱན་ས་པཎ་ཞེས། །
མུ་སྟེགས་རྩོད་པ་བཟློག་ལ་བོད་དུ་ནི། །
འདི་ཙམ་ཉིད་ལས་གཞན་དུ་མ་གྲགས་སོ། །
དེ་ཡི་བརྒྱུད་འཛིན་ས་ངོར་ཚར་གསུམ་ཡིན། །
བུ་ལུགས་ཇོ་ནང་བོ་དོང་ཞེས་གྲགས་རྣམས། །
རྟེན་གཞིའི་རྩ་བ་ས་སྐྱ་པ་ལས་གྱེས། །
མདོ་སྔགས་བཞེད་པ་ཅུང་ཟད་འབུར་དོད་ཡོད། །

ནཱ་རོ་མི་ཏྲི་ལས་འོང་བཀའ་བརྒྱུད་པ། །
མར་མི་དྭགས་གསུམ་བཀའ་བརྒྱུད་ཀུན་གྱི་རྗེ། །
དེ་ལས་གྱེས་པ་ཆེ་བཞི་ཆུང་བརྒྱད་སོགས། །
མང་ཡང་དྭགས་པོའི་སློབ་མ་ཕག་གྲུ་ལས། །
གྱེས་པ་མང་ཞིང་ད་ལྟ་ཀར་འབྲུག་དང་། །
འབྲི་སྟག་བཞི་པོ་མ་ཉམས་བཞུགས་པ་དང་། །
གཞན་རྣམས་བསྟན་རྒྱུན་ཤིན་ཏུ་ཉག་ཕྲར་གྱུར། །

མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞེས་བྱ་བས། །
རྒྱ་གར་ཡེ་ཤེས་ཌཱ་ཀི་རྣམ་གཉིས་དང་། །
རཱ་ཧུ་ལ་དང་མེ་ཏྲི་པ་ལ་སོགས། །
མཁས་གྲུབ་བརྒྱ་དང་ལྔ་བཅུ་བསྟེན་བྱས་ཏེ། །
བོད་དུ་སྤེལ་བ་ཤངས་པ་བཀའ་བརྒྱུད་གྲགས། །
དེ་ཡི་ཆོས་ལུགས་རྐང་ཚུགས་འཛིན་པ་མེད། །
ས་དཀར་གཉིས་ལ་དབང་ལུང་རྒྱུན་རྣམས་བཞུགས། །

གཞན་ཡང་རྒྱ་གར་དམ་པ་སངས་རྒྱས་ཀྱི། །
བཀའ་སྲོལ་ཞི་བྱེད་མ་ཅིག་ལབ་སྒྲོན་གྱི། །
དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བས། །

བོད་དུ་བཀའ་སྲོལ་རྣམ་གྲངས་མང་། །
དེ་རྣམས་ཐམས་ཅད་མིང་གི་རྣམ་གྲངས་ལས། །
དོན་ལ་ཁྱད་པར་དབྱེ་བ་འགའ་མེད་ཅིང་། །
མཐར་ཐུག་བྱང་ཆུབ་སྒྲུབ་པ་གནད་གཅིག་གོ །

བཤད་པའི་བཀའ་བབས་ས་སྐྱ་དགེ་ལྡན་གཉིས། །
སྒྲུབ་པའི་བཀའ་བབས་བཀའ་རྙིང་ཞེས་གྲགས་ཀྱང་། །
དོན་ལ་སྔོན་བྱོན་མཁས་པས་འདི་ལྟར་གསུངས། །
གངས་ཅན་བསྟན་པའི་སྲོལ་འབྱེད་རྙིང་མ་པ། །
བསྟན་འཛིན་བྱེ་བའི་འབྱུང་གནས་བཀའ་གདམས་པ། །
ཡོངས་རྫོགས་བསྟན་པ་རྒྱས་མཛད་ས་སྐྱ་པ། །
ཟླ་མེད་གྲུབ་པའི་གསང་ལམ་བཀའ་བརྒྱུད་པ། །
ལེགས་བཤད་སྨྲ་བའི་ཉི་མ་ཙོང་ཁ་པ། །
ཟབ་རྒྱས་རྒྱུད་སྡེའི་མངའ་བདག་ཇོ་ཞལ་གཉིས། །
ཞེས་སུ་བཤད་འདི་དོན་ལ་གནས་པར་འདུག །

རྙིང་མ་གཏེར་མ་ཞེས་གྲགས་ཨོ་རྒྱན་གྱི། །
སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ། །
བོད་དུ་བྱོན་ནས་མངའ་བདག་རྗེ་འབངས་ལ། །
ཐུན་མོང་ཐུན་མིན་མང་དུ་གསུངས་པ་རྣམས། །
སྙིགས་དུས་བསྟན་འགྲོ་སྐྱོབས་པའི་དཔུང་གཉེན་དུ། །
ས་ཡི་གཏེར་དང་དགོངས་པའི་གཏེར་དུ་སྦས། །
དུས་བབས་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་འདོན། །
བསྟན་དང་འགྲོ་ལ་ཕན་བདེའི་བཙས་སུ་བྱེད། །

དག་སྣང་སྙན་བརྒྱུད་ཞེས་སུ་གྲགས་པ་རྣམས། །
གསང་སྔགས་གསར་རྙིང་གཉིས་ཀར་མང་པོ་བཞུགས། །
མཁས་པ་འགའ་རེས་གཏེར་ལ་རྩོད་བྱེད་ཀྱང་། །
དགོས་པ་དགོངས་གཞི་གང་ཡིན་བརྟགས་པ་ལས། །
གཏེར་ཆོས་ཚད་མ་གསུམ་གྱིས་གྲུབ་པ་ལ། །
སྐུར་པ་བཏབ་ན་ཆོས་ལ་སྡང་བ་ཡི། །
ཉེས་པ་ཤིན་ཏུ་ལྕི་བས་བག་ཡོད་མཛོད། །

འབུམ་པ་ལ་སོགས་ཀླུ་སྒྲུབ་གཏེར་མ་དང་། །
ཨོ་རྒྱན་དྷ་མ་ཐ་ལའི་མཆོད་རྟེན་ནས། །
གསང་སྔགས་རྒྱུད་སྡེ་གྲུབ་ཐོབ་རྣམས་ཀྱིས་བླངས། །
འཕགས་ཡུལ་ལའང་དོན་དུ་གཏེར་བྱོན་བཞུགས། །
དེ་སོགས་སྒྲུབ་བྱེད་མང་ཡང་སྤྲོས་པ་བསྐྱུངས། །

དེ་ལྟར་བཤད་པའི་བསྟན་པ་མཐའ་དག་གི །
ལམ་གྱི་སྙིང་པོ་ངེས་འབྱུང་བསྐྱེད་པ་ལ། །
གཞི་རྟེན་སོ་ཐར་རིས་བདུན་གང་རུང་གི །
ཁྲིམས་ལ་གནས་ཤིང་དལ་འབྱོར་རྙེད་དཀའ་བསྒོམ། །
དལ་བའི་རྟེན་བཟང་འདི་འདྲ་ད་ཕྱིས་ནས། །
རྙེད་པར་དཀའ་བའི་ཚུལ་ལ་ལེགས་པར་བསམ། །
རྙེད་དཀའ་དོན་ཆེ་ཡིད་བཞིན་ནོར་དང་མཚུངས། །

དེ་ཡང་ཡུན་དུ་མི་རྟག་མྱུར་དུ་འཆི། །
རྒན་གཞོན་བར་མ་ནམ་འཆི་ངེས་མེད་དང་། །
འཆི་བའི་རྐྱེན་མང་འཚོ་བའི་རྐྱེན་ཉུང་ཞིང་། །
ནམ་ཟླ་དུས་བཞི་དགྲ་གཉེན་འགྱུར་ལྡོག་སོགས། །
ཡང་ཡང་བསམ་ལ་མི་རྟག་དྲན་པར་མཛོད། །

ཤི་ནས་ནམ་མཁའི་དབྱིངས་སུ་ཐིམ་པ་མིན། །
མི་ནས་མིར་སྐྱེ་རྟ་ནས་རྟར་སྐྱེ་བའང་མིན། །
འགྲོ་བ་རྣམས་ནི་ལས་ཀྱི་འཕེན་པ་ཡིན། །
སྣ་ཚོགས་འགྲོ་འདི་གནས་རིས་མཐོ་རིས་དང་། །
ལོངས་སྤྱོད་ཆེ་ཆུང་མངའ་རིས་དབང་ཐང་རྣམས། །
སྐྱེ་གཟུགས་བཟང་ངན་སྣ་ཚོགས་འབྱུང་བ་ནི། །
དགེ་དང་མི་དགེ་འདྲེས་མའི་ལས་རྣམས་ཀྱིས། །
སྲིད་པ་འདི་ན་རྣམ་པ་སྣ་ཚོགས་མཆིས། །

དགེ་དང་མི་དགེའི་ལས་ནི་བཅུ་རུ་འདུས། །
རྣམ་སྨིན་རྒྱུ་མཐུན་དབང་དང་བྱེད་འབྲས་བཞིས། །
དགེ་དང་མི་དགེའི་འབྲས་བུ་སོ་སོར་སྨིན། །
མ་བྱས་པ་ཡི་ལས་དང་མི་འཕྲད་ཅིང་། །
བྱས་པ་ནམ་ཡང་ཆུད་མི་ཟ་བ་དང་། །
བྱེད་པོ་གང་ཡིན་དེ་ལ་ངེས་པར་སྨིན། །
མཐོང་བའི་ཆོས་ལ་མྱོང་འགྱུར་ལས་འབྲས་དང་། །
སྐྱེས་ནས་མྱོང་དང་ལན་གྲངས་གཞན་ལ་མྱོང་། །
མྱོང་བ་ངེས་དང་མ་ངེས་ལ་སོགས་པ། །
ལས་འབྲས་རྣམ་བཞག་ཞིབ་ཏུ་བསྟན་པ་ཡི། །
མདོ་དང་བསྟན་བཅོས་ཁྲིད་ཡིག་རྣམས་སུ་གཟིགས། །
རྒྱུ་འབྲས་སྤང་བླང་བྱ་འདི་སངས་རྒྱས་པའི། །
ཆོས་ཀྱི་སྙིང་པོ་བདེན་བཞི་རྟེན་འབྲེལ་གྱི། །
གནད་ཀྱི་འགགས་སྡོམ་ཟབ་མོ་འདི་ཉིད་ཡིན། །

ལས་ཀྱི་བྱེད་པས་འགྲོ་བ་རིགས་དྲུག་འཁྱམས། །
ངན་སོང་གསུམ་དང་མཐོ་རིས་གནས་གསུམ་མོ། །
མདོར་ན་འདོད་གཟུགས་གཟུགས་མེད་ཁམས་གསུམ་དུ། །
སྐྱོན་མེད་རྡུལ་ཙམ་ཡོད་པ་མ་ཡིན་ཞིང་། །
སྡུག་བསྔལ་སྡུག་བསྔལ་འགྱུར་བའི་སྡུག་བསྔལ་དང་། །
ཁྱབ་པ་འདུ་བྱེད་སྡུག་བསྔལ་གྱིས་མནར་ཞིང་། །
བྱེ་བྲག་རིགས་དྲུག་སྡུག་བསྔལ་སོ་སོས་གཟིར། །
མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་། །
ཟག་བཅས་དགེ་བས་མཐོ་རིས་གནས་སུ་སྐྱེ། །
མི་གཡོ་འཇིག་རྟེན་པ་ཡི་ཏིང་འཛིན་གྱིས། །
བསམ་གཏན་གཟུགས་མེད་གནས་སུ་འཕེན་པར་བྱེད། །
དེ་དག་འཁོར་བའི་རྩ་བ་མ་སྤངས་པས། །
སྲིད་པར་སྲེད་ལེན་གྱིས་འཕངས་འཁོར་བར་ལྷུངས། །
དེས་ན་འཁོར་བའི་གནས་འདི་མེ་འོབ་དང་། །
དུག་སྦྲུལ་ཚང་དང་ལྷན་ཅིག་གནས་པ་འདྲ། །
དེ་ཕྱིར་འཁོར་བའི་བདེ་བར་ཡིད་མི་སྨོན། །
སྲིད་ལས་ངེས་པར་འབྱུང་བའི་བློ་བསྐྱེད་ཅིག །

ཐར་པའི་ལམ་དུ་འཇུག་པའི་རྩ་བ་ནི། །
དགེ་བའི་བཤེས་གཉེན་བསྟེན་ལ་རགས་ལས་པས། །
ཐོས་པས་རྒྱུད་དུལ་ཁྲིམས་ལྡན་བྱང་སེམས་འབྱོངས། །
ཡང་དག་ལྟ་ལྡན་བརྩེ་བ་ཆེན་པོ་མངའ། །
སྒྲོ་འདོགས་ཆོད་ནུས་དབང་དང་དམ་ལྡན་པའི། །
བླ་མ་བསྟེན་ནས་ཅི་གསུངས་བཀའ་བཞིན་སྒྲུབ། །
དད་དང་མོས་གུས་བསྐྱེད་ན་ཡོན་ཏན་ཐོབ། །
དེ་ཕྱིར་བླ་མ་བཟང་པོ་བསྟེན་པར་གཅེས། །
བླ་མའི་གདམས་ངག་འཆི་མེད་བདུད་རྩི་འདྲ། །
ཇི་ཙམ་ཐོབ་པ་ཡལ་བར་མི་འདོར་བ། །
རང་གི་ཉམས་སུ་བླངས་ཤིང་བསམ་བསྒོམས་མཛོད། །
ཐོས་པ་ཙམ་གྱིས་ཕན་པར་མི་འགྱུར་ཏེ། །
ཆུ་མ་བཏུང་ན་སྐོམ་པ་སེལ་མི་ནུས། །
དེ་བས་དབེན་པའི་རི་ངོགས་གནས་པར་བྱ། །

ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། །
སྡོམ་པ་ཀུན་གྱི་གཞི་རྟེན་གྱུར་པ་དང་། །
ཕྱི་ནང་ཤན་འབྱེད་ལྷ་མི་ཀུན་གྱིས་བླངས། །
འདི་ཕྱིའི་ལེགས་ཚོགས་ཐམས་ཅད་དེ་ཡིས་འགྲུབ། །
སྟོན་པ་སངས་རྒྱས་སྐྱོབས་པ་དམ་ཆོས་དང་། །
འདྲེན་པ་དགེ་འདུན་གསུམ་ལ་བློ་གཏད་ཁེལ། །
ཁ་ཙམ་མ་ཡིན་བསླུ་མེད་ཡིད་ཆེས་བསྐྱེད། །
སྐྱབས་འགྲོའི་བསླབ་བྱ་རྣམས་ནི་ལེགས་པར་བསྲུངས། །

ཐེག་ཆེན་ལམ་གྱི་དངོས་གཞི་བྱང་ཆུབ་སེམས། །
དམ་ཆོས་འོ་མ་བསྲུབ་པའི་ཉིང་ཁུ་ཡིན། །
འདི་མེད་མདོ་སྔགས་ཉམས་ལེན་གང་བྱས་ཀྱང་། །
སྙིང་པོ་མེད་པ་ཆུ་ཤིང་སྡོང་པོར་མཚུངས། །
དེ་ཡང་ནམ་མཁའི་མཐས་གཏུགས་སེམས་ཅན་རྣམས། །
རང་གི་སྐྱེ་བ་ཐོག་མེད་ཁ་བརྒྱུད་ནས། །
སྐྱེ་བ་གྲངས་མང་སེམས་ཅན་གྲངས་མེད་པ། །
ཕ་མར་གྱུར་ནས་ཕན་བཏགས་བསམ་མི་ཁྱབ། །
དེ་ཕྱིར་བྱམས་དང་སྙིང་རྗེ་ཆེན་པོ་ནི། །
དགྲ་གཉེན་བར་མའི་འགྲོ་བ་ཀུན་ལ་བསྒོམ། །
ཉེ་རིང་ཆགས་སྡང་བྲལ་བར་བཏང་སྙོམས་བསྐྱེད། །
ལུས་ངག་ཡིད་གསུམ་དགེ་ལ་རབ་བཀོལ་ཞིང་། །
གཞན་ཕན་འགྱུར་བའི་བསམ་པ་བཟང་པོ་དང་། །
སྨོན་ལམ་ཁྱད་འཕགས་རྟག་ཏུ་གདབ་པར་བྱ། །

ཡང་དག་ལྟ་བ་རྒྱུད་ལ་སྐྱེ་བའི་ཐབས། །
བསོད་ནམས་ཚོགས་བསགས་སྒྲིབ་སྦྱོང་ནན་ཏན་གཅེས། །
ཡན་ལག་བདུན་པ་ཕྱག་བསྐོར་མདོ་འདོན་དང་། །
གཟུངས་སྔགས་བཟླ་ཞིང་བྱང་ཆུབ་ལྟུང་བཤགས་འདོན། །
སྟོབས་བཞི་ཚང་བའི་སྒོ་ནས་འབད་བྱས་ན། །
སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །
ཚོགས་བསགས་སྙིང་པོ་མཎྜལ་དག་ཀྱང་འབུལ། །
དེ་ལྟར་དམིགས་པ་དང་བཅས་བསགས་པ་རྣམས། །
འཁོར་གསུམ་རང་བཞིན་མེད་རྟོགས་ཤེས་རབ་ཀྱི། །
སྟོང་ཉིད་དང་འབྲེལ་ཡེ་ཤེས་ཚོགས་ཞེས་བྱ། །
བསོད་ནམས་ཚོགས་ལས་སངས་རྒྱས་གཟུགས་སྐུ་དང་། །
ཡེ་ཤེས་ཚོགས་ཀྱིས་ཆོས་ཀྱི་སྐུ་ཐོབ་འགྱུར། །
དེ་ལྟར་བསགས་སྦྱངས་གཉིས་ལ་བརྩོན་པ་དང་། །
ཡང་དག་ལྟ་བ་རྒྱུད་ལ་བསྐྱེད་པའི་ཕྱིར། །
ཐོག་མར་ཞི་གནས་བཙལ་ཞིང་སེམས་གནས་དགུ། །
ཉེས་པ་ལྔ་སྤོངས་འདུ་བྱེད་བརྒྱད་བསྟེན་ཏེ། །
རྟེན་ཅན་རྟེན་མེད་རྩེ་གཅིག་དམིགས་པ་ལ། །
བདེ་གསལ་མི་རྟོག་ཏིང་འཛིན་སྐྱེ་བར་འགྱུར། །
དེས་ནི་ཉོན་མོངས་མགོ་ནོན་ཙམ་ཞིག་འབྱུང་། །
དེ་ནས་ལྷག་མཐོང་ལྟ་བ་གཏན་ལ་དབབ། །
ཐོག་མེད་སྲིད་པའི་རྩ་བ་བདག་ཏུ་བཟུང་། །
མ་རིག་པ་འདི་རྩད་ནས་གཞོམ་པའི་ཕྱིར། །
སྟོང་པ་ཉིད་དེ་ངེས་པར་བསྒོམ་པར་བྱ། །
དེ་ཡང་ཕུང་པོ་ལྔས་བསྡུས་འཚོགས་པ་ལ། །
བརྟེན་ནས་ངའོ་སྙམ་པའི་ལྷན་སྐྱེས་ཀྱི། །
ངར་འཛིན་འདི་ཉིད་རྣམ་པར་གཞོམ་པ་ལ། །
སོ་སོར་བརྟགས་པའི་དཔྱད་པ་རྣམ་པར་གཅེས། །
བདག་གམ་ཕུང་པོ་གཅིག་གམ་ཐ་དད་སོགས། །
དབུ་མའི་རིག་པ་ནས་འབྱུང་ལྟར་དཔྱད་དེ། །
གང་ཟག་བདག་མེད་གཏན་ལ་དབབ་པ་དང་། །
གཟུང་དང་འཛིན་པས་བསྡུས་པའི་ཆོས་ཀྱི་བདག །
ཕུང་པོའི་ཆ་ཤས་དུ་མར་ལེགས་དཔྱད་ཅིང་། །
བདག་མེད་དོན་ལ་ངེས་ཤེས་རྙེད་པ་ན། །
སྲིད་དང་ཞི་བས་བསྡུས་པའི་ཆོས་ཐམས་ཅད། །
རང་བཞིན་སྐྱེ་བ་མེད་པར་གཏན་ལ་དབབ། །
ཐམས་ཅད་མཉམ་པ་ཉིད་དུ་འཆར་བ་དང་། །
སྐྱེ་མེད་སྟོང་པའི་ངང་ལས་སྣང་གྲགས་ཀྱི། །
ཆོས་རྣམས་འགགས་པ་མེད་པར་རང་ཤར་བའི། །
རྟེན་འབྲེལ་ཟབ་མོའི་རིགས་པ་ཁོང་ཆུད་ཅིང་། །
སྟོང་དང་རྟེན་འབྱུང་ཐ་མི་དད་པ་ཡི། །
གོ་མྱོང་བྱུང་ན་འཛིན་པས་མ་བསླད་པར། །
རྣམ་པར་མི་རྟོག་སྤྲོས་བྲལ་དབུ་མའི་དབྱིངས། །
ཇི་སྲིད་བར་དུ་མཉམ་པར་བཞག་པར་བྱ། །

མདོར་ན་དཔྱད་འཇོག་གཉིས་པོ་སྤེལ་མ་ཡི། །
སོ་སོར་རྟོགས་པའི་ཤེས་རབ་དང་ལྡན་པའི། །
རྩེ་གཅིག་མི་གཡོའི་ཞི་བར་གནས་པ་དང་། །
ལྷག་མཐོང་ཤེས་རབ་ཟུང་དུ་འཇུག་པ་ལ། །
ཡང་དག་ལྟ་བ་ཞེས་བྱ་རྒྱལ་བའི་ཡུམ། །
ཤེས་རབ་ཕ་རོལ་ཕྱིན་མའི་སྒོམ་དོན་ཡིན། །
མཐའ་བརྒྱད་སྤྲོས་པ་ཀུན་བྲལ་ལྟ་བ་དང་། །
མ་ཡེངས་ཇི་བཞིན་འཇོག་པ་སྒོམ་པ་དང་། །
རྒྱལ་སྲས་ལམ་བཟང་དམ་པར་སྤྱོད་པ་ལས། །
འབྲས་བུ་ས་བཅུ་ལམ་ལྔ་མཐར་ཕྱིན་ཏེ། །
སྲིད་ཞིར་མི་གནས་བྱང་ཆུབ་ཆེན་པོ་བརྙེས། །
རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་བར་འགྱུར། །

ཀྱེ་མ། དེང་སང་སྙིགས་མ་ལྔ་བདོའི་མཐར་ཐུག་འདིར། །
བསྟན་འཛིན་སྐྱེས་བུ་འགའ་ནི་དབྱིངས་སུ་གཤེགས། །
བདག་འདྲ་མུ་ཅོར་སྨྲ་བས་ས་སྟེང་ཁེངས། །
ལྷ་མ་ཡིན་རྣམས་ཧ་ཧར་དགོད་པ་དང་། །
དཀར་ཕྱོགས་ལྷ་རྣམས་རིང་དུ་འབྲོས་ཤིང་བྱེར། །
སངས་རྒྱས་བསྟན་པ་རི་མོའི་མར་མེ་ལྟར། །
གྱུར་འདིར་ཐུགས་རྗེ་ཆེ་རྣམས་དགོངས་སུ་གསོལ། །
སངས་རྒྱས་བསྟན་ལ་གཅེས་པར་འཛིན་པ་རྣམས། །
ལུང་རྟོགས་བཤད་སྒྲུབ་སྤང་ཀློགས་བྱ་བར་བརྩོན། །
ཆོས་སྤྱོད་རྣམ་བཅུར་རྟག་ཏུ་མི་གཡེལ་ཞིང་། །
གསོལ་འདེབས་མཆོད་འབུལ་ཚོགས་བསགས་དག་ལ་རེམས། །
དགེ་འདུན་ཐུགས་མཐུན་གྲུབ་མཐའི་ཁ་འཛིན་སྤོངས། །
ཕྱོགས་དང་རིས་སུ་མ་གཅོད་བསྟན་པ་ཀུན། །
ནང་འགལ་མ་གཏོང་ཆོས་ལ་སྐུར་འདེབས་སྤོངས། །
བསྟན་པའི་ཆོས་ཚུལ་རྒྱ་མཚོ་ཇི་སྙེད་པ། །
རང་སེམས་འདུལ་བར་ཤེས་བྱོས་ཉམས་ལེན་མཛོད། །
རྟག་ཏུ་སྒོ་གསུམ་ཞི་དུལ་ལྷོད་ཆགས་པས། །
དྲན་དང་ཤེས་བཞིན་བག་ཡོད་བསྟེན་པར་མཛོད། །

རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་དང་མཐུན་པ། །
འཕགས་ཡུལ་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱིས། །
བསྟན་པ་རྩོད་པ་ཅན་དུ་གྱུར་པ་ལས། །
རིམ་གྱིས་འགྲིབ་ཅིང་བྱང་ཕྱོགས་བོད་ཡུལ་དུ། །
ས་དགེ་དཀར་རྙིང་གྲུབ་མཐའི་གདོན་གྱིས་བཏབ། །
རྩོད་པས་བསྟན་པ་དཀྲུགས་ཤིང་ཟིང་ཟིང་གྱུར། །
འདི་ཕྱི་གཉིས་ཕུང་རང་གཞན་སྡིག་ལ་སྦྱར། །
དོན་གྱི་སྙིང་པོ་ཅུང་ཟད་མེད་པས་ན། །
ངེས་པར་དོར་ལ་སྟོན་པའི་བསྟན་པ་སྲུངས། །
སངས་རྒྱས་འཇིགས་པ་མེད་པའི་གནས་ཐོབ་པས། །
བསྟན་པ་ཕྱི་ནས་སུས་ཀྱང་བཤིག་མི་ནུས། །
སེངྒེའི་ཁོག་པ་འབུ་ཡིས་གཡེངས་པ་བཞིན། །
ནང་ནས་བཤིག་ཅེས་མདོ་ནས་གསུངས་པ་ལ། །
དྲན་པ་ཉེ་བར་བཞག་ནས་སྤང་བླངས་མཛོད། །

ཁྱིམ་ན་གནས་རྣམས་དཀོན་མཆོག་མཆོད་པ་དང་། །
ཕན་སེམས་དང་ལྡན་དགེ་བའི་ལས་བརྩོན་ན། །
འདི་ཕྱི་ཚེ་རབས་ཀུན་ཏུ་དགེ་བར་གྱུར། །

བདག་ནི་འཆི་ལ་ཉེ་ཞིང་རྒས་པས་ཉེན། །
སངས་རྒྱས་བསྟན་ལ་ལྷག་བསམ་བཟང་ཙམ་ལས། །
ཕན་ཐོགས་ནུས་པ་གང་ཡང་མེད་ངེས་ཀྱང་། །
བསྟན་པ་རྒྱས་པའི་སྨོན་ལམ་འདེབས་ལ་བརྩོན། །

གངས་ཅན་ལྗོངས་ཀྱི་ཕན་བདེའི་འབྱུང་གནས་མཆོག །
བསྟན་འཛིན་རྒྱ་མཚོའི་ཞབས་པད་ཡུན་དུ་བརྟན། །
འོད་དཔག་མེད་མགོན་པཎ་ཆེན་བླ་མ་དང་། །
ཀརྨ་པ་དང་འཇམ་མགོན་ས་སྐྱ་པ། །
ལ་སོགས་བསྟན་འཛིན་སྐྱེས་རྣམས་སྐུ་ཚེ་དང་། །
མཛད་པ་ཕྲིན་ལས་ཐམས་ཅད་རབ་རྒྱས་ཤིང་། །
འཕགས་པའི་ཡུལ་གྱི་རྒྱལ་བློན་འབངས་བཅས་རྣམས། །
བདེ་སྐྱིད་རྫོགས་ལྡན་དཔལ་གྱིས་འབྱོར་པ་དང་། །
སླར་ཡང་སངས་རྒྱས་བསྟན་པ་རབ་འཕེལ་ཞིང་། །
སྡེ་སྣོད་གསུམ་གྱི་ཆོས་ཀྱི་རྔ་ཆེན་སྒྲོགས། །
སྲིད་རྩེའི་བར་དུ་ཁྱབ་པའི་བཀྲ་ཤིས་ཤོག །

དེ་ལྟར་ཆོས་ཀྱི་སྒོ་འབྱེད་འདི། །
འབྲས་སྤྱི་བློན་ཆེན་བཀའི་བསྐུལ་ངོར། །
བོད་ཆེན་ལྗོངས་ཀྱི་ཆར་གཏོགས་པའི། །
འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན། །
བླུན་རྨོངས་ཆོས་ཀྱི་བློ་གྲོས་པས། །
ལྷག་བསམ་བཟང་པོས་ཤར་མར་བྲིས། །
དགེ་བས་བསྟན་འགྲོར་སྨན་གྱུར་ཅིག །
སརྦ་དཱ་མངྒ་ལཾ། ཤུ་བྷཾ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept