The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Orgyen Rinpoche—Tibetan

English | བོད་ཡིག

༄༅། །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས།

 

ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །

མཁྱེན་བརྩེ་ནུས་པ་གཅིག་ཏུ་བསྡུས་པའི་སྐུ། །

གངས་ལྗོངས་སྐྱབས་གཅིག་ཨོ་རྒྱན་རིན་པོ་ཆེ། །

བུ་ཡི་འབོད་དོ་ལས་ངན་བདག་འདྲ་བ། །

 

ཀྱེ་མ་ཀྱེ་ཧུད་གུ་རུ་རིན་པོ་ཆེ། །

ཡེ་ཤེས་དབྱིངས་ནས་འཁོར་བའི་འདམ་ལ་གཟིགས། །

དུས་ངན་སྙིགས་པའི་གྲལ་དུ་ལྷུང་བ་ཡི། །

ལས་ངན་སྡིག་ལ་སྤྱོད་པའི་སྐལ་ངན་བདག །

སྙོམས་ལས་ལེ་ལོའི་བདུད་ཀྱིས་དབང་གྱུར་པས། །

དམ་ཆོས་སྒྲུབ་སྙམ་ངང་ལ་མི་ཚེ་ཟད། །

 

ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས། །

ཚེ་འདིའི་བྱ་བ་ནམ་ཡང་ཟིན་པ་མེད། །

འཁོར་བ་མེ་ཡི་འོབས་དང་འདྲ་བ་ལ། །

ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱི་རློབས། །

 

གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །

ཐུགས་རྗེའི་ལྕགས་ཀྱུས་བདག་སོགས་འཁོར་བ་ལས། །

མྱུར་དུ་དྲོངས་ཤིག་གུ་རུ་རིན་པོ་ཆེ། །

པདྨ་འོད་ཀྱི་ཞིང་དེར་དྲང་དུ་གསོལ། །

 

མཚན་ལྡན་བླ་མ་མཉེས་པ་གསུམ་གྱིས་བསྟེན། །

མདོ་རྒྱུད་གདམས་ངག་ཆོས་ཀྱི་བདུད་རྩི་མནོས། །

བྱང་ཆུབ་སྒྲུབ་ལ་བསྙེལ་བ་མེད་པ་དང་། །

 

མ་ཧཱ་གུ་རུ་རྡོ་རྗེ་དྲག་རྩལ་གྱི། །

ཐུགས་རྗེ་ནུས་པའི་མཐུ་རྩལ་རབ་ཕྱུང་ནས། །

ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ། །

མཆོག་ཐུན་དངོས་གྲུབ་སྩོལ་ཅིག་ཨོ་རྒྱན་རྗེ། །

 

གཅིག་པུ་དབེན་པའི་རི་ལ་སྡོད་ཚུགས་ཤིང་། །

ཟབ་གསང་ལམ་གྱི་ཉམས་ལེན་མཐར་ཕྱིན་ནས། །

གཞི་དབྱིངས་པད་འབྱུང་ཀུན་བཟང་གདོད་མའི་མགོན། །

ཚེ་འདི་ཉིད་ལ་མངོན་དུ་བྱེད་པ་དང་། །

ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ནས། །

འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ། །

གཞན་ལ་ཕན་པ་རྟག་ཏུ་སྒྲུབ་གྱུར་ཅིག །

 

ཅེས་པའང་ཤུགས་འབྱུང་དད་པས་ཀུན་ནས་སློང་ཏེ་ཨོ་རྒྱན་རྗེའི་བསྟན་ཞབས་སུ་སྐྱེས་པ་གཞོན་ནུ་དྷརྨ་མ་ཏིས་ས་ལུག་ཟླ་ ༨ ཚེས་ ༢༦ ལའོ། །

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmasambhava

This website uses cookies to collect anonymous usage statistics and enhance the user experience.
Decline
Accept