Red Tārā Lineage Prayer—Tibetan

Deities › Tārā | Practices › Lineage Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།འབྲི་གུང་གཏེར་སྟོན་འོད་གསལ་རྡོ་རྗེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Red Tārā according to Drikung Tertön revelation

༄༅། །སྒྲོལ་མ་དམར་མོའི་བརྒྱུད་འདེབས་བྱིན་རླབས་བཅུད་འདུས་ཅེས་བྱ་བ་བཞུགས་སོ།།

 

གུ་རུ་དྷེ་བ་ཌཱཀྐི་ནཱི་ཡེ་སརྦ་སིདྡྷི་ཕ་ལ་ཧཱུྃ།  །

 

གཞི་དབྱིངས་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས།  །

དང་པོའི་སངས་རྒྱས་འོད་མི་འགྱུར་བ་ལ།  །

གཉིས་མེད་འཛིན་བྲལ་ངང་ནས་གསོལ་བ་འདེབས།  །

གདོད་ནས་ཡེ་གྲོལ་ཆེན་པོར་བྱིན་གྱིས་རློབས།  །

 

རང་བཞིན་གསལ་གདངས་ལྷུན་གྲུབ་ཕོ་བྲང་ནས།  །

ལོངས་སྐུ་པདྨ་གར་གྱི་དབང་ཕྱུག་ལ།  །

དབྱིངས་རིག་དབྱེར་མེད་ངང་ནས་གསོལ་བ་འདེབས།  །

ལྷུན་གྲུབ་དགོངས་པ་མངོན་གྱུར་བྱིན་གྱིས་རློབས།  །

 

ཐུགས་རྗེ་ཚད་མེད་སྤྲུལ་པའི་ཕོ་བྲང་ནས།  །

སྤྲུལ་སྐུ་རྗེ་བཙུན་ཨཱར་ཡ་ཏཱ་རེ་ལ།  །

ཆགས་མེད་ཞེན་བྲལ་ངང་ནས་གསོལ་བ་འདེབས།  །

གང་འདུལ་འགྲོ་བ་འདུལ་བར་བྱིན་གྱིས་རློབས།  །

 

རང་སྣང་རྔ་ཡབ་དཔལ་རིའི་གཞལ་ཡས་ནས།  །

སྐུ་གསུམ་འདུས་ཞལ་པདྨ་འབྱུང་གནས་ལ།  །

རེ་དོགས་མེད་པའི་ངང་ནས་གསོལ་བ་འདེབས།  །

སྣང་སྲིད་དབང་དུ་འདུ་བར་བྱིན་གྱིས་རློབས།  །

 

བསམ་ཡས་ཡེ་ཤེས་ཡངས་པའི་རྒྱལ་ཁམས་ནས།  །

མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ལ།  །

བཀའ་དྲིན་དྲན་པའི་ངང་ནས་གསོལ་བ་འདེབས།  །

འགྲོ་འདུལ་བསྟན་པ་མཐའ་རྒྱས་བྱིན་གྱིས་རློབས།  །

 

མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་ཁམས་ན།  །

དབྱིངས་ཕྱུག་ཌཱཀྐི་ཛྙཱ་ན་སཱ་ག་རར།  །

བདེ་སྟོང་བློ་བྲལ་ངང་ནས་གསོལ་བ་འདེབས།  །

དགའ་བཞིའི་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས།  །

 

དབུ་རྩེ་རིམ་གསུམ་སྤྲུལ་པའི་ཕོ་བྲང་ནས།  །

ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ལ།  །

དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས།  །

འགྲོ་དོན་ཕྱོགས་མེད་འབྱུང་བར་བྱིན་གྱིས་རློབས།  །

 

ཕྱོགས་བྲལ་གར་བཞུགས་ཞིང་ཁམས་རབ་འབྱམས་ན།  །

བཻ་རོ་ལ་སོགས་འབངས་རིགས་ཉེར་ལྔ་ལ།  །

ཡིད་ཆེས་གདུང་བའི་ཤུགས་ཀྱིས་གསོལ་བ་འདེབས།  །

གདུལ་བྱ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།  །

 

ལས་སྨོན་ཟབ་གསང་ཆོས་ཀྱི་ཕོ་བྲང་ན།  །

མངའ་བདག་འོད་གསལ་རྡོ་རྗེ་གླིང་པ་ལ།  །

དད་དམ་འདུ་འབྲལ་མེད་པར་གསོལ་བ་འདེབས།  །

ནག་ཕྱོགས་གདོན་བགེགས་འདུལ་བར་བྱིན་གྱིས་རློབས།  །

 

ཟླ་གམ་དམར་པོ་དབང་གི་གཞལ་ཡས་ན།  །

དབང་མཛད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ལ།  །

བསྐྱེད་རྫོགས་ལྟ་བའི་ངང་ནས་གསོལ་བ་འདེབས།  །

རང་རིག་ལྷ་དང་དབྱེར་མེད་བྱིན་གྱིས་རློབས།  །

 

བཀའ་དང་དམ་ཚིག་གཉན་པོའི་གཞལ་ཡས་ན།  །

བརྒྱུད་གསུམ་དམ་ཅན་ཆོས་སྐྱོང་སྲུང་མ་ལ།  །

མི་གཡོ་དགོངས་པའི་ངང་ནས་གསོལ་བ་འདེབས།  །

ཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས།  །

 

རིན་ཆེན་འདོད་འབྱུང་བརྩེགས་པའི་གནས་མཆོག་ན།  །

གནོད་སྦྱིན་ནོར་ལྷ་གཏེར་འཆང་རྒྱ་མཚོ་ལ།  །

འཛིན་ཆགས་བྲལ་བའི་ངང་ནས་གསོལ་བ་འདེབས།  །

དབུལ་ཕོངས་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས།  །

 

སྣང་སྲིད་དག་པ་རབ་འབྱམས་ཆེན་པོ་ན།  །

དམ་ཚིག་ལྡན་པའི་རྡོ་རྗེ་མཆེད་ལྕམ་ལ།  །

དག་སྣང་ཟོལ་མེད་ངང་ནས་གསོལ་བ་འདེབས།  །

ཚོམ་བུ་གཅིག་ཏུ་འཚང་རྒྱ་བྱིན་གྱིས་རློབས།  །

 

སྔོན་འགྲོའི་ཆོས་ཀྱིས་རང་རྒྱུད་ལེགས་སྦྱོངས་ཤིང་།  །

བསྐྱེད་པའི་རིམ་པས་སྣང་བ་ལྷ་སྐུར་དག  །

བཟླས་བརྗོད་སྔགས་ཀྱིས་སྒྲ་ཚིག་རང་སར་དེངས།  །

རྫོགས་རིམ་ཟབ་མོས་རླུང་སེམས་དག་པར་ཤོག  །

 

རྩ་ཡི་མདུད་གྲོལ་ལས་རླུང་དབུ་མར་ཚུད།  །

ཐིག་ལེ་འཕོ་མེད་ནམ་མཁའི་འཁོར་ལོར་བརྩེགས།  །

འགྱུར་མེད་བདེ་ཆེན་རྡོ་རྗེའི་སྐུ་ཐོབ་ནས།  །

འགྲོ་བའི་དོན་གཉིས་ལྷུན་འགྲུབ་འབྱུང་བར་ཤོག  །

 

ཅེས་དབང་གི་སྒྲོལ་མའི་བརྒྱུད་འདེབས་འདིའང་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་ཀྱི་སྨྲས་རིམ་བཞིན་རང་སློབ་དད་འབྱོར་གྱི་བློ་མངའ་ཚེ་དབང་འབྱོར་རྒྱས་ཀྱིས་ཡི་གེ་བྲིས་པ་དགེ་ལེགས་སུ་གྱུར་ཅིག  །།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept