Ripples on the Ganges—Tibetan

Literary Genres › Praise | Deities › Sarasvatī | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | Deutsch | Português | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Sarasvatī

༄༅། །ལྷ་མོ་དབྱངས་ཅན་ལ་བསྟོད་པ་གངྒཱའི་རླབས་ཕྲེང་ཞེས་བྱ་བ།

 

ཨོཾ་སྭསྟི།

འཕགས་མཆོག་ཐུགས་རྗེའི་ཟླ་བ་ཡི། །

ཞལ་གྱི་ཆུ་སྐྱེས་མཆེ་བ་ལས། །

མངོན་པར་སྤྲུལ་པའི་སྒྲ་ལྡན་མ། །

ཚངས་པའི་སྲས་མོར་བསྟོད་པར་བགྱི། །

 

ལྷ་མོ་རིག་བྱེད་དབྱངས་དང་ལྡན། །

སྭ་ར་སྭསྟི་ཞེས་གྲགས་པ། །

སྲིད་དང་ཞི་བའི་ཁོངས་སུ་སྙན། །

དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །

 

ཟླ་བ་དུང་དང་ཀུ་མུཏ་ཞལ། །

སྨིན་མ་གནག་སྣུམ་ཨུ་ཏྤལ་མིག །

སྐེད་སྐབས་ཕྲ་ལ་མྱོས་བུམ་མཐོ། །

གསང་བའི་པདྨོ་འཛུམ་ལ་བསྟོད། །

 

ཙནྡན་ས་མཆོག་དྲི་བསུང་འཐུལ། །

ཞལ་གྱི་ཆབ་ཟེགས་ལྷའི་བདུད་རྩི། །

མཐོང་བ་ཙམ་གྱིས་འཇིག་རྟེན་གསུམ། །

ཡིད་འཕྲོག་མ་ལ་ཕྱག་འཚལ་བསྟོད། །

 

སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །

ཉན་ཐོས་རང་རྒྱལ་ཐམས་ཅད་དང་། །

ལྷ་དང་དྲང་སྲོང་གྲུབ་རིག་འཛིན། །

ཐམས་ཅན་ཐམས་ཅད་ཁྱེད་ལ་འདུད། །

 

དཀྱིལ་འཁོར་ཀུན་གྱི་རིགས་ཀྱི་ཡུམ། །

སྤྲོ་དང་བསྡུ་བའི་བྱེད་པོ་མཆོག །

དབྱིངས་ཡུམ་ཤེར་ཕྱིན་ཀུན་བཟང་མོ། །

རྡོ་རྗེ་དབྱངས་ཀྱི་རྒྱལ་མོར་བསྟོད། །

 

དེ་ལྟར་བསྟོད་པའི་དགེ་བའི་མཐུས། །

ཟབ་ཅིང་རྒྱ་ཆེའི་བློ་གྲོས་འཕེལ། །

མཁྱེན་གཉིས་སྣང་བ་རབ་རྒྱས་ནས། །

ཐམས་ཅད་མཁྱེན་གཟིགས་མཆོག་གྲུབ་ཤོག །

 

ཅེས་པའང་མེ་སྤྲེལ་སྨིན་ཟླའི་ཚེས་ལ་ཆུ་བོ་གངྒཱར་གཟིངས་ཀྱི་འཕྲུལ་འཁོར་དུ་ཞུགས་པའི་ཚེ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་དགེའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept