The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Songtsen Gampo Guru Yoga—Tibetan

English | བོད་ཡིག

༄༅། །སྲོང་བཙན་སྒམ་པོའི་བླ་སྒྲུབ་ཡེ་ཤེས་རང་ཤར་བཞུགས།

 

བོད་ལ་བཀའ་དྲིན་ཆེ་བ་ཡི། །
སྤྲུལ་པའི་རྒྱལ་པོའི་རྣལ་འབྱོར་ནི། །
ཉམས་སུ་བླང་བར་འདོད་པ་ན། །
བདེ་བའི་སྟན་ལ་བག་ཕབ་ནས། །
ངེས་འབྱུང་སྐྱབས་འགྲོ་སེམས་བསྐྱེད་བྱ།

ཨ། སྟོང་པའི་ངང་ལས་མདུན་གྱི་མཁར། །

ནོར་བུ་ཆུ་ཤེལ་ལས་གྲུབ་པའི། །

གཞལ་མེད་ཁང་ཆེན་ཡངས་པའི་ནང་། །

རཏྣས་བརྒྱན་པའི་ཁྲི་སྟེང་དུ། །

དར་ཟབ་འབོལ་ཆེན་བརྩེགས་པའི་སྟེང་། །

སྤྲུལ་པའི་རྒྱལ་པོ་སྲོང་བཙན་རྗེ། །

དཀར་གསལ་ཞི་འཛུམ་མཚན་དཔེས་སྤྲས། །

རྒྱལ་པོའི་ཆ་བྱད་བེར་ཕྱམས་གསོལ། །

ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག །

ནོར་བུ་དབང་གི་རྒྱལ་པོ་བསྣམས། །

དབུ་ལ་དར་དཀར་ལ་ཐོད་བཅིང་། །

སྤྱི་བོར་འོད་དཔག་མེད་པ་བཞུགས། །

ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས། །

ཐུགས་ཀར་འཕགས་པ་བཅུ་གཅིག་ཞལ། །

དེ་ཡི་ཐུགས་ཀར་སྤྱན་རས་གཟིགས། །

ཁ་སར་པ་ཎི་ཕྱག་གཉིས་པ། །

བཞེངས་པའི་སྟབས་ཀྱིས་བཞུགས་པར་གསལ། །

གནས་གསུམ་ཡི་གེ་འབྲུ་གསུམ་ལས། །

འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར།

མ་ལུས་སེམས་ཅན་ཀུན་གྱི༴ སོགས་བརྗོད་ནས་སྤྱན་དྲངས།

མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །

བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །

དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །

བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །

བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །

འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །

སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །

ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །

དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །

རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །

མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །

ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །

ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །

བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །

ཉི་མ་ལས་ལྷག་གཟི་བརྗིད་ཆེ། །

དད་པས་སྤྱན་ནི་དྲང་བར་བགྱི། །

ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །

དུལ་ཞིང་བསམ་གཏན་ས་ལ་བཞུགས། །

ཆོས་དང་ཡེ་ཤེས་ཆགས་བྲལ་བ། །

ཀུན་ཏུ་མི་བཟད་ནུས་པར་ལྡན།

ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ།

ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །

ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །

མཆོད་པའི་གནས་འདིར་གཤེགས་སུ་གསོལ། །

 

བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །

བདག་ཅག་བསོད་ནམས་སྐལ་བར་ལྡན། །

བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །

ཐུགས་ལ་དགོངས་ཤིང་གནང་བར་མཛོད། །

 

བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །

ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །

ཇི་སྲིད་མཆོད་པ་བདག་བགྱིད་ན། །

དེ་སྲིད་བཅོམ་ལྡན་དབྱེར་མེད་བཞུགས། །

 

ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན།

དམ་ཡེ་དབྱེར་མེད་དུ་བསྟིམ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ། མཆོད་ཕྲེང་རྒྱས་བསྡུས་ཅི་རིགས་དང་། མཎྜལ་ཀྱང་འབུལ་ལ།

གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །

གསོལ་བ་འདེབས་སོ་སྤྲུལ་པའི་རྒྱལ་པོ་མཁྱེན། །

གསོལ་བ་འདེབས་སོ་སྲོང་བཙན་སྒམ་པོ་རྗེ། །

གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། །

འགྲོ་དོན་དཔག་མེད་འབྱུང་བར་བྱིན་གྱིས་རློབས། །

སྤྲུལ་པའི་རྒྱལ་པོ་ཁྱོད་དང་མཚུངས་པར་ཤོག །

ཅེས་དང་།

ཨོཾ་ཨཱཿམ་ཧཱ་གུ་རུ་ལོ་ཀེ་ཤྭ་ར་ནི་རྨ་ཀཱ་ཡ་དྷརྨ་ར་ཛ་སརྦ་སིདྡྷི་ཧཱུྃ།

ཞེས་ཀྱང་བཟླ།

སྤྲུལ་པའི་རྒྱལ་པོའི་གནས་རྣམས་ནས། །

སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས་འོད་ཟེར་དང་བཅས་ཆར་ལྟར་བབས། །

རང་ལ་ཐིམ་ཞིང་དབང་བསྐུར་ཐོབ། །

སྒྲིབ་དག་སྐུ་བཞིའི་ས་བོན་བཞག །

མཐར་ནི་བླ་མ་རང་ལ་ཐིམ། །

རང་ཉིད་སྤྲུལ་པའི་རྒྱལ་པོར་གསལ། །

ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །

སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །

འོད་འཕྲོས་རང་གཞན་དོན་གཉིས་བྱས། །

སྣོད་བཅུད་འཕགས་པའི་སྐུར་གྱུར་བསམ། །

ཨོཾ་མ་ཎི་པདྨེ་ཧཱུྃ།

ཅེས་དང་ཞལ་བཅུ་གཅིག་པའི་བཟུངས་རིང་བཟླ།

མཐར་ནི་ལྷ་དང་བླ་མ་རྣམས། །

རང་སེམས་གཅིག་གི་རོལ་པར་བལྟ། །

སྟོང་དང་སྙིང་རྗེ་དབྱེར་མེད་པའི། །

རིག་པའི་གཤིས་ལུགས་ངང་ལ་བཞག །

མཐར་ནི་དགེ་བསྔོ་སྨོན་ཤིས་དང་། །

རྗེས་སྤྱོད་ཆོས་སྤྱོད་རྣམ་བཅུར་བརྩོན། །

དེས་ནི་དོན་གཉིས་མཐར་ཕྱིན་འགྱུར། །

དེ་ལྟར་བླ་མའི་རྣལ་འབྱོར་འདི། །
ཡེར་པ་ཟླ་བ་ཕུག་ཏུ་ནི། །
སྨིན་དྲུག་ཟླ་བའི་ཚེས་དྲུག་གི །
སྲོད་ལ་ཉམས་ཤར་ཇི་བཞིན་དུ། །

 

ཡི་གེར་བཀོད་པའི་དགེ་བ་ཡིས། །
བསྟན་འགྲོའི་བདེ་སྐྱིད་འཕེལ་བ་དང་། །
བླ་མ་སྤྲུལ་པའི་ཆོས་རྒྱལ་ཆེའི། །
བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག།

 

སརྦ་མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

སྲོང་བཙན་སྒམ་པོ།

Further information:

BDRC Author Profiles: P733 P8067

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept