བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་ཡི་དམ་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ།

English | བོད་ཡིག

༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་བཞུགས་སོ༔

 

ནམགུབ༔

ན་མོ་གུ་རུ༔

གསང་སྐོར་ཡི་དམ་ཁྲོ་སྒྲུབ་ལས༔

སྔོན་འགྲོའི་བྱང་བུ་བསྟན་པ་ནི༔

དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔

རིག་པ་ལྷུན་གྲུབ་དམ་པའི་ཆོས༔

དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔

ཡེ་ནས་དག་པར་སྐྱབས་སུ་མཆི༔

ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔

མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔

གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔

རང་བྱུང་རང་གསལ་སེམས་བསྐྱེད་དོ༔

ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔

གསལ་བ་ཆེན་པོར་ཕྱག་འཚལ་ལོ༔

རིག་པའི་ངང་དུ་མཆོད་པར་འབུལ༔

རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔

རྟག་ཅིང་སྒྲིབ་མེད་ཡི་རང་ངོ་༔

ཡིན་མིན་མེད་པར་ཆོས་འཁོར་བསྐོར༔

མྱོང་བ་ཅན་དུ་བཞུགས་སུ་གསོལ༔

ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔

མན་ངག་དོན་གྱི་སྔོན་འགྲོ་འོ༔

ས་མ་ཡ་རྒྱ་རྒྱ༔

སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔

གློ་བུར་འཁྲུལ་པའི་ཐ་མལ་ལུས༔

གདོད་ནས་དག་པའི་འོད་ཀྱི་སྐུ༔

ལྷུག་པར་གནས་པའི་རྡོ་རྗེ་སེམས༔

དྭངས་པའི་ངང་དུ་གསལ་རྫོགས་བསྐྱེད༔

ཨཱོྃ་བཛྲ་སཏྭ་ཨཱ༔

མན་ངག་དོན་གྱི་སྒྲིབ་སྦྱོང་ངོ༔

ས་མ་ཡ་རྒྱ་རྒྱ༔

 

ཚོགས་གསག་བྱང་བུ་བསྟན་པ་ནི༔

སྟོང་པ་ཉིད་ཀྱི་དབྱིངས་ཉིད་དུ༔

རིག་པ་ཅོག་གཞག་ཚོམ་བུར་བཀོད༔

དབྱིངས་རིག་དབྱེར་མེད་མཎྜལ་འདི༔

ཀ་དག་བདེ་བར་གཤེགས་ལ་འབུལ༔

གུ་རུ་མཎྜ་ལ་པཱུ་ཛ་ཧོ༔

མན་ངག་དོན་གྱི་ཚོགས་གསག་གོ༔

ས་མ་ཡ་རྒྱ་རྒྱ༔

བྱིན་བརླབ་བྱང་བུ་བསྟན་པ་ནི༔

ཨཱོྃ་ཨཱཿཧཱུྃ།

ཐུགས་རྗེ་སྤྲུལ་སྐུའི་བླ་མ་ལ༔

སྤྲོས་བཅས་གདུང་བས་གསོལ་བ་འདེབས༔

ལུས་ལ་བུམ་པའི་དབང་བསྐུར་ནས༔

སྣང་སྟོང་རྟོགས་པར་བྱིན་གྱིས་རློབས༔

 

རང་བཞིན་ལོངས་སྐུའི་བླ་མ་ལ༔

སྤྲོས་མེད་ངང་ནས་གསོལ་བ་འདེབས༔

ངག་ལ་གསང་བའི་དབང་བསྐུར་ནས༔

གསལ་སྟོང་རྟོགས་པར་བྱིན་གྱིས་རློབས༔

 

ངོ་བོ་ཆོས་སྐུའི་བླ་མ་ལ༔

ཤིན་ཏུ་སྤྲོས་མེད་ངང་ནས་འདུད༔

ཡིད་ལ་གསུམ་པའི་དབང་བསྐུར་ནས༔

བདེ་སྟོང་རྟོགས་པར་བྱིན་གྱིས་རློབས༔

 

དབྱེར་མེད་ཉིད་སྐུའི་བླ་མ་ལ༔

རབ་ཏུ་སྤྲོས་མེད་ངང་ནས་འདུད༔

སྒོ་གསུམ་བཞི་པའི་དབང་བསྐུར་ནས༔

རིག་སྟོང་རྟོགས་པར་བྱིན་གྱིས་རློབས༔

མན་ངག་དོན་གྱི་བྱིན་རླབས་སོ༔

ས་མ་ཡ་རྒྱ་རྒྱ༔

མཆོད་པ་བྱིན་བརླབ་བྱང་བུ་ནི༔

རཾ་ཡཾ་ཁཾ།

ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔

རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔

དབྱིངས་རིག་གཉིས་མེད་གཏོར་ཆེན་དང་༔

ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔

སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔

ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔

སྣང་བ་སྒྱུ་མར་རྟོགས་པ་ཡི༔

ཕྱི་ཡི་མཆོད་སྤྲིན་བསམ་མི་ཁྱབ༔

སྟོང་པའི་རང་རྩལ་གསལ་བ་ཆེ༔

ནང་གི་མཆོད་སྤྲིན་མཐའ་ལས་འདས༔

བདེ་བའི་རང་བཞིན་དགའ་བ་ཆེ༔

གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔

ཨཱོྃ་མ་ཧཱ་བ་ལིནྟ་ཨཱཿཧཱུྃ༔

ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔

ཨཱོྃ་མ་ཧཱ་རཀྟ་ཨཱཿཧཱུྃ༔

ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔

ཨཱོྃ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔

ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ༔

ཨཱོྃ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔

ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔

ཨཱོྃ་བཛྲ་གནྡྷེ་ཨཱཿཧཱུྃ༔

ཨཱོྃ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔

ཨཱོྃ་བཛྲ་ཤབྡ་ཨཱཿཧཱུྃ༔

ཨཱོྃ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔

ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔

སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔

ས་མ་ཡ་རྒྱ་རྒྱ༔

དངོས་གཞིའི་རྟེན་གྱི་བྱང་བུ་ནི༔

ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང་༔

ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔

ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔

ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔

ཆོས་དབྱིངས་མཁའ་ལ་འབྱུང་ལྔའི་སྟེང་༔

སྣོད་བཅུད་དག་པའི་གཞལ་ཡས་ཁང་༔

ནང་དུ་ཕོ་བྲང་གླིང་དགུ་གསལ༔

དབུས་སུ་འཇིག་རྟེན་སྣ་ཚོགས་ཁྲིར༔

དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔

སྨུག་ནག་དབུ་ནི་ཉེར་གཅིག་རྣམས༔

རྩ་ཞལ་མ་གཏོགས་གཡས་དཀར་ཞིང་༔

གཡོན་དམར་དབུས་མཐིང་ཁྲོས་པའི་ཉམས༔

ཕྱག་ནི་བཞི་བཅུ་རྩ་གཉིས་ཀྱིས༔

ཞི་བ་བཞི་བཅུ་རྩ་གཉིས་བསྣམས༔

ཞབས་བརྒྱད་ཐུར་བསྒྲད་འཁོར་འདས་གནོན༔

རྡོ་རྗེའི་གཤོག་བརྒྱངས་དཔལ་གྱི་ཆས༔

 

ཡུམ་ནི་གནམ་ཞལ་དབྱིངས་ཕྱུག་མ༔

མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔

གནས་ཡུལ་མཁའ་འགྲོ་འཛིན་ཅིང་འཁྲིལ༔

དང་པོས་རྡོ་རྗེ་དུང་ཁྲག་བསྣམས༔

བདེ་སྟོང་དབྱེར་མེད་སྐུ་རུ་ཤར༔

འཁོར་དུ་རིགས་བཞིའི་ཏ་ཀྲྀཏ་དང་༔

ལྕེ་སྤྱང་མ་བརྒྱད་ལ་སོགས་གསལ༔

ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ༔

 

ཤར་དུ་ཡང་དག་ཧེ་རུ་ཀ༔

ཞལ་གསུམ་ཕྱག་དྲུག་མཐིང་ནག་འབར༔

ཕྱག་མཚན་རྒྱན་དང་ཆ་ལུགས་རྫོགས༔

ཡུམ་ནི་བཛྲ་ཀྲོ་དྷཱི་འཁྲིལ༔

རིགས་བཞི་ཀེའུ་སེང་དབང་ཕྱུག་སོགས༔

ཡབ་ཡུམ་སྤྲུལ་པའི་ཚོགས་བཅས་གསལ༔

ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔

 

ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔

སེར་ནག་ཞལ་གསུམ་ཕྱག་དྲུག་པ༔

རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔

ཡུམ་ནི་མ་མོ་ཁྲག་མིག་མ༔

སྦྱོར་སྒྲོལ་ཡུམ་བཅས་གཤེད་ཆེན་བཞི༔

འཆི་བདག་གིང་བདུད་རྩིས་པ་སོགས༔

ཡབ་ཡུམ་འཁོར་དང་བཅས་པ་གསལ༔

ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔

 

ནུབ་ཏུ་དབང་ཆེན་རྟ་མགྲིན་ནི༔

དམར་པོ་ཞལ་གསུམ་རྟ་སྐད་འཚེར༔

ཕྱག་དྲུག་རང་རྟགས་ཕྱག་མཚན་འཛིན༔

དུར་ཁྲོད་ཆས་རྫོགས་ཞབས་བཞི་བསྒྲད༔

ཡུམ་ནི་པདྨ་གཟི་ལྡན་མ༔

ཁྲ་ཐབས་རིགས་བཞིའི་ཟིལ་གནོན་དང་༔

ཁམས་རྒྱ་དམུས་ལོང་ཁྱི་སྤྱང་སོགས༔

ཡབ་ཡུམ་འཁོར་དང་བཅས་པ་གསལ༔

ཨཱོྃ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔

 

བྱང་དུ་རྡོ་རྗེ་གཞོན་ནུ་ནི༔

ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔

ཕྱག་མཚན་དུར་ཁྲོད་ཆས་རྣམས་རྫོགས༔

ཡུམ་ནི་འཁོར་ལོ་རྒྱས་འདེབས་འཁྲིལ༔

རིགས་བཞི་ཁྲོ་བཅུ་ཕུར་སྲུང་ཚོགས༔

ཡབ་ཡུམ་འཁོར་དང་བཅས་པ་གསལ༔

ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔

 

ཤར་ལྷོར་བླ་མེད་ཧེ་རུ་ཀ༔

སྨུག་ནག་ཞལ་གསུམ་ཕྱག་དྲུག་པ༔

ཕྱག་མཚན་དུར་ཁྲོད་ཆས་རྣམས་རྫོགས༔

ཡུམ་ནི་ཉིད་ཞི་མུ་ཁ་ལེ༔

ཞལ་ལྔ་སྣ་ཚོགས་མདོག་ཅན་འཁྲིལ༔

དབྱིངས་ཀྱི་མ་མོ་རྗེ་མོ་དང་༔

སྨན་མོ་མ་མོ་མཁའ་འགྲོའི་ཚོགས༔

ཡབ་ཡུམ་སྲས་འཁོར་སྤྲུལ་བཅས་གསལ༔

ཨཱོྃ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔

 

ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔

དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔

ཡུམ་ནི་མཁའ་འགྲོ་ལས་དབང་མོ༔

རིགས་བཞིའི་སློབ་དཔོན་སྡེ་བཞི་དང་༔

དཔའ་བོ་མཁའ་འགྲོའི་ཚོགས་བཅས་གསལ༔

ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔

 

ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔

མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔

རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔

ཡུམ་ནི་ཁམས་གསུམ་སྤྱི་འདུལ་འཁྲིལ༔

དབང་ཕྱུག་ཡབ་ཡུམ་སྡེ་དཔོན་སོགས༔

སྣང་སྲིད་དྲེགས་པའི་ཚོགས་བཅས་གསལ༔

ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔

 

བྱང་ཤར་སྟོབས་ལྡན་ནག་པོ་ནི༔

སེར་ནག་ཞལ་གསུམ་ཕྱག་དྲུག་པ༔

རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔

ཡུམ་ནི་འབྱུང་ལྔའི་བདག་མོ་འཁྲིལ༔

དྲེགས་པ་ཡབ་ཡུམ་སྔགས་བདག་སོགས༔

དྲེགས་པ་སྡེ་བརྒྱད་ཐམས་ཅད་གསལ༔

ཨཱོྃ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔

 

ཕྱི་རོལ་བར་ཁྱམས་ཁོར་ཡུག་ཏུ༔

མ་མོ་ཉེར་བརྒྱད་གིང་ལངྐ༔

འབར་མ་མཁའ་འགྲོ་ཤུགས་འགྲོར་བཅས༔

འཇིག་རྟེན་འདས་དང་མ་འདས་པའི༔

དཔལ་གྱི་འཁོར་ཚོགས་བསམ་མི་ཁྱབ༔

ཨཱོྃ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔

 

རང་རིག་རྒྱལ་པོ་ཧེ་རུ་ཀ༔

ཡེ་ཤེས་ཀློང་དགུའི་ངང་དུ་རྫོགས༔

ཅིར་ཡང་ས་ལེར་གསལ་བའི་འཁོར༔

དབྱིངས་རིག་གཉིས་སུ་མེད་པར་བསྒོམ༔

ས་མ་ཡ་རྒྱ་རྒྱ༔

 

དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔

དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔

ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔

དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔

སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔

ཨཱོྃ་ཨཱཿཧཱུྃ༔

ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔

 

ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔

བླ་མ་རིག་འཛིན་བདེ་གཤེགས་ཚོགས༔

ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔

གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔

 

ཀུན་གཞི་དག་པའི་ཞིང་ཁམས་ནས༔

གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔

ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔

དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔

 

དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔

བདེ་བ་ཆེ་ལ་ལོངས་སྤྱོད་པ༔

ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔

མ་ལུས་འཁོར་བཅས་གཤེགས་སུ་གསོལ༔

 

སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔

དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔

རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔

ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔

ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔

ས་མ་ཡ་ཧོ༔

ས་མ་ཡ་སཏྭཾ༔

 

ཛཿཧཱུྃ་བཾ་ཧོ༔

དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔

ས་མ་ཡ་རྒྱ་རྒྱ༔

བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔

ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔

གཤེགས་དང་བཞུགས་པའི་མཚན་མ་མེད༔

ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔

གདོད་ནས་གཉིས་མེད་ངང་དུ་བཞུགས༔

ས་མ་ཡ་ཏིཥྛ་ལྷན༔

 

ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔

ཨེ་མ་བདེ་བར་གཤེགས་པ་རྣམས༔

འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔

གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔

ཨ་ཏི་པཱུ་ཧོ༔

པྲ་ཏཱིཙྪ་ཧོ༔

 

ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔

སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔

མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔

རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔

ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔

 

ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔

འདོད་པའི་ཡོན་ཏན་བསམ་མི་ཁྱབ༔

ཞེན་པ་མེད་པའི་རང་བཞིན་ཉིད༔

ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔

ཨཱོྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔

 

གསལ་བ་ཐབས་ཀྱི་རང་བཞིན་ལ༔

མི་རྟོག་ཤེས་རབ་སྦྱོར་བ་ཡིས༔

བདེ་བ་ཆེན་པོ་ཁྱབ་པ་ཆེ༔

དབྱེར་མེད་ངང་དུ་མཆོད་པར་འབུལ༔

བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔

 

དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔

རིག་པ་ཡེ་ཤེས་བདུད་རྩི་ལྔ༔

དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔

བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔

ཨཱོྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིནྟ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔

 

ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔

ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔

སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔

 

སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔

ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔

རབ་ཏུ་ཞི་བ་ངོ་བོ་ཉིད༔

སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔

 

ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང་༔

ཡན་ལག་དྲུག་ཅུ་དང་ལྡན་ཞིང་༔

ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔

ཉི་ཟླ་ལྟ་བུར་ཀུན་ལ་གསལ༔

རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔

འཇའ་ཚོན་བཞིན་དུ་སོ་སོར་སྣང་༔

རིན་ཆེན་བཞིན་དུ་དགོས་འདོད་འབྱུང་༔

ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔

 

ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔

ཀུན་གཞི་བྱ་རྩོལ་བྲལ་བ་ལས༔

ཅིར་ཡང་མི་དམིགས་ཅིར་ཡང་སྣང་༔

འོད་གསལ་ཤེས་པ་ཟང་ཐལ་ལེ༔

 

སྐྱེ་བ་མེད་པའི་རང་བཞིན་ཉིད༔

འགག་པ་མེད་པ་དབང་པོར་གསལ༔

ཡུལ་སྣང་གང་ཤར་དངོས་པོས་སྟོང་༔

སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔

བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔

ས་མ་ཡ་རྒྱ་རྒྱ༔

ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔

མཁའ་ལ་འཇའ་ཚོན་ཤར་བ་བཞིན༔

འབར་བའི་ཀློང་ནས་ཅིར་ཡང་སྣང་༔

རང་བྱུང་ཛཔ྄་ཀྱི་འཕྲོ་འདུ་ལས༔

ཅིར་ཡང་གསལ་ཞིང་འགགས་པ་མེད༔

མ་བཅོས་ཡེ་རྫོགས་སྣང་སྲིད་རྣམས༔

དཔལ་གྱི་སྐུ་གསུང་ཐུགས་སུ་རྫོགས༔

ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔

ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔

ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔

ཨཱོྃ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔

གསང་སྐོར་ཡི་དམ་སྒྲུབ་པ་འོ༔

ས་མ་ཡ་རྒྱ་རྒྱ༔

 

ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔

ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔

སྣང་སྟོང་རིག་སྟོང་ཚོར་སྟོང་གི༔

ངོ་བོ་ཉིད་དུ་གདོད་ནས་དག༔

ཅིར་ཡང་འབྱུང་ཞིང་འཆར་བ་ལས༔

ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔

དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔

འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔

བླ་ན་མེད་པའི་མཆོད་སྤྲིན་གཏིབས༔

ཨཱོྃ་ཨཱཿཧཱུྃ༔

 

ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔

གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔

ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔

དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔

ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔

 

ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔

རིག་པ་བདེ་ཆེན་འདོད་ཡོན་བཤམས༔

དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔

རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔

མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔

 

གསལ་བའི་ངང་དུ་འཛིན་པ་བཤགས༔

མི་རྟོག་ཕྱལ་ཆད་མིན་པར་བསྐང་༔

བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔

དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔

ས་མ་ཡ་ཤུདྡྷེ་ཨ༔

 

ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔

དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔

རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔

ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔

མཱ་ར་ཡ་ཕཊ༔

 

སྣང་སྲིད་ཆོས་ཀུན་མ་ལུས་པ༔

བདེ་བ་ཆེན་པོའི་ཚོགས་སུ་རོལ༔

སེམས་ཉིད་རྣམ་པར་དག་གྱུར་ཏེ༔

དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔

ཨ་ལ་ལ་ཧོ༔

 

ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔

འཛིན་མེད་རང་གསལ་ལྷག་གཏོར་བཞེས༔

དྲན་སྣང་སོ་མའི་བར་ཆད་སོལ༔

རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔

ཨུཙྪིཥྚ་བ་ལིནྟ་ཁཱ་ཧི༔

 

གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔

སྣང་སེམས་གཉིས་མེད་ཀློང་ཡངས་སུ༔

ཡུལ་དབང་ཤེས་གཞི་དག་པའི་ཚོགས༔

ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔

ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔

ས་མ་ཡ་རྒྱ་རྒྱ༔

 

ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔

དབྱིངས་ལས་ཤར་པའི་ལྷ་ཚོགས་རྣམས༔

རིག་པའི་དབྱིངས་སུ་ཐིམ་པ་ལས༔

དབྱིངས་ཡེ་ཟུང་འཇུག་རྫོགས་པ་ཆེ༔

འཁོར་འདས་དབྱེར་མེད་ཉིད་དུ་རྫོགས༔

ཨ་ཨ་ཨ༔

 

ལྟ་བ་ཆོས་ཉིད་ཡེ་ནས་དག༔

སྒོམ་པ་བློ་ལས་འདས་པའི་ངང་༔

སྤྱོད་པ་བསམ་ཡས་དགེ་བ་ཀུན༔

འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔

 

བསམ་དུ་མེད་པའི་ལྟ་བ་རྟོགས༔

བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔

བླང་དོར་མེད་པའི་སྤྱོད་པ་སྤྱད༔

འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔

ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔

ས་མ་ཡ་རྒྱ་རྒྱ༔

 

ལྷ་སྲས་མུ་རུབ་བཙན་པོའི་རྣམ་པར་འཕྲུལ་པ་༧སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས། གནས་མཆོག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ། བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛམ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས། བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱིས་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ནས་འཕྲལ་དུ་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་ཤིང་། བྱང་བུ་རྣམས་ཁྲིགས་སུ་བསྡེབས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཟབ་གཏེར་འདི་ཉིད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Chemchok Heruka

གནས་ཚུལ་འཕར་མ།

BDRC Author Profiles: P258 P564

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept