བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་ལས། གཉིས་པ་གནས་འདྲེན།

English | བོད་ཡིག

༄༅། རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་ལས། གཉིས་པ་གནས་འདྲེན།

 

སྦྱོང་བའི་སྐབས་སུ་མིང་བྱང་། སྦྱོང་ཆས། བྲབ་རྫས། ཟས་བསྔོ་སོགས་འདུ་བྱ། སྐྱབས་འགྲོ་ནས་བཟླས་པ་ཡན་གོང་ལྟར་གྲུབ་ནས་བུམ་པ་བསྒྲུབ་ཅིང་ཡི་གེ་བརྒྱ་པ་གཙོ་བོར་བཟླ། སྔགས་ཀྱི་ནུས་པ་བྱེ་མ་ལའང་བསྟིམ། ཡན་ལག་བདུན་པ། ལམ་དབང་བླང་བ། ཚོགས་མཆོད་བཅས་གྲུབ་ནས།

གནས་ལུང་དངོས་ལ། རྟེན་བསྐྱེད་རྣམ་ཤེས་དགུག་ཅིང་བསྟིམ། བགེགས་དང་སྡིག་པ་སྦྱོང་བ་དང་། བཀྲུ་བྱ་བ་དུག་བསལ་སྐྱབས་སུ་གསོལ། དབང་བསྐུར་འདོད་པའི་ཡོན་ཏན་སྦྱིན། ལམ་བསྟན་གནས་སྤོར་བྱང་བུ་བསྲེག སཱ་ཙྪ་བྱ་ཞིང་སྨོན་ལམ་གདབ། ཅེས་བཅོ་ལྔ་ལས།

དང་པོ་ནི།

རྟེན་ཤཱུ་ནྱ་ཏཱས་སྦྱང་།

སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །

ནྲྀ་ཡིག་ཡོངས་གྱུར་ཚེ་ལས་འདས་པ་ཉིད། །

ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་རྫོགས་ཤིང་། །

ཐལ་སྦྱར་གུས་པའི་ཚུལ་གྱིས་གནས་པར་གྱུར། །

གཉིས་པ་ནི།

ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་འདུས་པའི་དངོས། །

བླ་མ་རྡོ་རྗེ་སེམས་དཔའི་བདེན་སྟོབས་ཀྱིས། །

ཚེ་འདས་རྣམ་ཤེས་རིགས་དྲུག་བར་མ་དོ། །

གང་ན་གནས་ཀྱང་རྟེན་འདིར་མྱུར་དུ་ཁུག །

ནྲྀ་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ

གསུམ་པ་ནི།

གཏོར་མ་གསུམ་རྟེན་ལ་གཡས་སུ་བསྐོར་ཞིང་།

ཨོཾ་སརྦ་བིགྷྣཱན་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་བརྗོད་པས་ཞི་བ།

ཏིང་ལོ་དང་ཆང་བུས་གཡོན་དུ་བསྐོར་ཞིང་། སུམྦྷ་སོགས་བརྗོད་པས་ཕྱེད་མ།

ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་འདུས་པའི་དངོས། །

བླ་མ་རྡོ་རྗེ་སེམས་དཔའི་བདེན་སྟོབས་ཀྱིས། །

ཚེ་འདས་སྲོག་གཅོད་ཐར་ལམ་གེགས་བྱེད་ཀུན། །

གཏོར་མ་འདི་ལོངས་རང་རང་གནས་སུ་དེངས། །

སུམྦྷ་སོགས་བརྗོད་ཅིང་གུ་གུལ་བྱིས་བདུག

ཡུངས་ཀར་གྱིས་བྲབ། སྦྱོང་གཏོར་ཕྱིར་བསྐྱལ་བ་ན་དྲག་པོའི་སྦྱོང་བའོ།

བཞི་པ་ནི།

ཚེ་ལས་འདས་པའི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། །

མགྲིན་པར་ལྷ་མིན་གྱི་ས་བོན་སུ་སེར་པོ། །

སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། །

ལྟེ་བར་དུད་འགྲོའི་ས་བོན་ཏྲི་ལྗང་གུ། །

གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་ཐལ་སྐྱ། །

རྐང་མཐེལ་དུ་དམྱལ་བའི་ས་བོན་དུཿདུད་ཀའི་རྣམ་པར་གནས་པ། །

བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་བས་ཚེ་འདས་རིགས་དྲུག་ཏུ་སྐྱེ་བའི་ས་བོན་དང་ལྷན་ཅིག་ཏུ་ཉོན་མོངས་པ་དང་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ཤིང་སྦྱངས་བར་གྱུར། །

རྩ་སྔགས་དང་ཡི་གེ་བརྒྱ་པའི་མཐར། །

ཨ་སུ་ནྲྀ་ཏྲི་པྲེ་དུཿསརྦ་པཱ་པཾ་ཀླེ་ཤ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ།

ཞེས་བརྗོད་ཅིང་བྱེ་མས་བྲབ། སྤྲོ་ན་སྒྲིབ་སྦྱོང་གི་སྔགས་གཞན་ཡང་ཇི་ལྟར་རིགས་པ་བཟླའོ།

ལྔ་པ་ནི།

སྤྲོ་ན་ལྷ་ཁྲུས་སྔོན་དུ་འགྲོ་བས། །

ཨོཾ། ཀ་དག་གཞོན་ནུ་བུམ་སྐུའི་དབྱིངས། །

ལྷུན་གྲུབ་ཡེ་ཤེས་བདུད་རྩིའི་ཆུས། །

ཚེ་འདས་ལས་དང་ཉོན་མོངས་དང་། །

ཤེས་བྱའི་སྒྲིབ་པ་དག་གྱུར་ཅིག །

རྩ་སྔགས་དང་ཡི་གེ་བརྒྱ་པའི་མཐར། །

ཚེ་ལས་འདས་པའི་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བགྲུ

རྒྱས་པར་ཕར་ཕྱིན་དྲུག་གི་ཚིགས་བཅད་ཀྱང་སྦྱར།

དྲུག་པ་ནི།

བུམ་ཆུས་རྟེན་ལ་བྱབས་ཤིང་།

འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །

འདི་དག་འཇིག་རྟེན་དུག་གསུམ་སྟེ། །

དཀོན་མཆོག་གསུམ་པོ་དུག་མི་མངའ། །

དཀོན་མཆོག་བདེན་པས་དུག་གཞོམ་མོ། །

སྔགས་མཐར་ཚེ་ལས་འདས་པའི་དུག་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།

བདུན་པ་ནི།

འབྱུང་བ་སོ་སོས་བྱབས་ཤིང་། །

འབྱུང་བཞི་དུག་གི་ཕ་ཡིན་ཏེ། །

འབྱུང་བཞི་དུག་གི་མ་ཡང་ཡིན། །

ཡུམ་ཆེན་བཞི་ཡི་བྱིན་རླབས་ཀྱིས། །

ཚེ་འདས་ཁྱོད་ལ་དུག་མེད་ཤོག །

སྔགས་མཐར།

ཚེ་ལས་འདས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།

བརྒྱད་པ་ནི།

ཚེ་འདས་ཉིད་བླ་མ་དང་རྡོ་རྗེ་སེམས་དཔའ་དབྱེར་མ་མཆིས་པ་རྩ་གསུམ་ཞི་ཁྲོ་རིགས་འདུས་ཀྱི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་གྱུར། །

ཕྱག་འཚལ་རྒྱས་བསྡུས་གང་རིགས་མཐར།

དཀོན་མཆོག་རྩ་གསུམ་འདུས་པའི་དངོས། །

བླ་མ་རྡོ་རྗེ་སེམས་དཔའ་ལ། །

ཚེ་འདས་འཇིགས་པས་རྣམ་སྐྲག་སྟེ། །

སྙིང་ནས་ཕྱག་འཚལ་སྐྱབས་སུ་མཆི། །

འཁོར་བ་ངན་སོང་སྡུག་བསྔལ་དང་། །

བར་དོའི་འཕྲང་ལས་བསྒྲལ་ནས་ཀྱང་། །

ཐར་པ་བླ་ན་མེད་པ་ཡི། །

བྱང་ཆུབ་གནས་སུ་དབུགས་དབྱུང་གསོལ། །

དགུ་པ་ནི།

རྒྱས་པར་སློབ་མ་རྗེས་སུ་བཟུང་བའི་སྐབས་ལྟར་བྱ། བསྡུ་ན།

ཚེ་ལས་འདས་པ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པ་ལ་བླ་མ་རྡོ་རྗེ་མི་བསྐྱོད་པའི་སྨིན་མཚམས་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྲོས་ཏེ་རིག་པའི་ལྷ་མོ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བར་གྱུར།

ཨོཾ། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །

རྡོ་རྗེ་མི་ཕྱེད་གསུམ་འཆང་བ། །

དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །

སྐུ་གསུང་ཐུགས་སུ་དབང་བསྐུར་རོ། །

སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩཱ་མི།

ཞེས་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག

རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས།

ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན།

ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་དབྱེར་མེད་དུ་ཐིམ་པར་གྱུར།

ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་མེ་ཏོག་འཐོར།

བཅུ་པ་ནི།

འདོད་ཡོན་གྱི་དངོས་པོ་རྃ་ཡྃ་ཁྃ་གིས་བསང་སྦྱང་།

ཨོཾ་ཨཱཿཧཱུྃ་ཧོཿ

དང་སྤྲོ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ།

ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །

རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །

རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །

ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །

ཨོཾ་བཛྲ་སཏྭ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱ།

ཞེས་བསྔོ།

བཅུ་གཅིག་པ་ནི།

ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །

འཁོར་བ་སྡུག་བསྔལ་ཅན་ཕུང་པོ། །

འགྱུར་དང་འདུ་བྱེད་ཉིད་འཁྲུལ་ཅན། །

ལས་ལས་སྐྱེས་ཤིང་ལས་ལ་བརྟེན། །

དེ་ཕྱིར་དེ་ལ་མ་ཆགས་པར། །

བླ་མ་དཀོན་མཆོག་རྣམས་ཀྱི་མཐུ། །

དད་པའི་ཡུལ་ན་ཤིན་ཏུ་སྣང་། །

མོས་གུས་སྐྱེད་ཅིག་རིགས་ཀྱི་བུ། །

འདི་ནས་ཤར་གྱི་ཕྱོགས་རོལ་ན། །

སྲིད་གསུམ་དྲི་མ་རབ་སྤངས་པ། །

རང་བཞིན་སྤྲུལ་པའི་ཞིང་ཁམས་ནི། །

མངོན་པར་དགའ་བ་ཞེས་བྱ་བར། །

བླ་མ་རྡོ་རྗེ་མི་བསྐྱོད་པ། །

རྒྱལ་དང་དེ་སྲས་འཁོར་བཅས་བཞུགས། །

གང་ཞིག་ཡིད་ལ་དྲན་པའི་མོད། །

ཁྱེད་ཀྱང་དེ་རུ་ཕྱིན་འགྱུར་བས། །

དད་གུས་སྐྱེད་ལ་དེ་མཚན་ཟུངས། །

སྟོན་པ་དེ་ཡི་ཞལ་མཐོང་བའི། །

མོད་ལ་སྒྲིབ་པ་རྣམ་པ་གཉིས། །

ཡུད་ཀྱིས་སྤངས་ནས་མངོན་སངས་རྒྱས། །

ཡིད་གཉིས་སྤངས་ལ་དེར་གཤེགས་ཤིག །

བཅུ་གཉིས་པ་ནི།

ཚེ་ལས་འདས་པའི་རྣམ་ཤེས་ཧཱུྃ་ཡིག་གི་རྣམ་པས་སྐར་མདའ་འཕང་བ་བཞིན་སྤྱི་བོ་ནས་ཐོན།

འོག་མིན་གྱི་ཞིང་དུ་སོང་།

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས་རྒྱལ་བའི་སྲས་སུ་སངས་རྒྱས་པར་གྱུར་པའི་མོས་པས་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་གཞག །

བཅུ་གསུམ་པ་ནི།

རྣམ་ཤེས་གཤེགས་པའི་བྱང་བུ་ཡེ་ཤེས་ཀྱི་མེས་བསྲེགས་པར་གྱུར་པའི་མོས་པས།

ཚེ་འདས་ཕུང་ཁམས་སྐྱེ་མཆེད་ལ། །

དབྱིངས་རིག་ཟུང་འཇུག་མེ་སྦར་བས། །

སྐུ་གསུམ་ཡེ་ཤེས་ལྔ་ལྡན་པ། །

འགྲོ་བའི་དོན་དུ་འགྲུབ་པར་ཤོག །

ཅེས་དང་སྔགས་བརྗོད་བཞིན་བསྲེག །

བཅུ་བཞི་པ་ནི།

སླར་ཡང་བྱང་རོའི་སྟེང་དུ་ཟླ་བ་ལ་སྔགས་ཀྱི་ཕྲེང་བས་མཚན་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་སྦྱངས་པར་གྱུར་པའི་མོས་པས་སྔགས་བཟླ་བཞིན་དུ་བུམ་ཆུས་བཀྲུ། །

བཅོ་ལྔ་པ་ནི།

ཐལ་བ་དྲི་ཞིམ་པོའི་ཆུ་དྭངས་གཙང་མ་སྦྱར་ལ་ཡིག་བརྒྱ་བཟླ་བཞིན་སཙྪ་གདབ། ཡེ་དྷརྨཱས་མེ་ཏོག་འཐོར་བས་སངས་རྒྱས་ཐམས་ཅད་བརྟན་པར་བཞུགས་པར་བསམ། བཟང་པོ་སྤྱོད་པ་སོགས་སྨོན་ལམ་རྒྱས་བསྡུས་གང་རིགས་བཏབ་པས་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པར་བསམ་མོ། དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་དང་། རྗེས་ཆོག་གཞུང་ལྟར་བྱའོ།།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Abhirati Vajrasattva

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept