Dukngal Rangdrol Recitation Manual—Tibetan

Collections & Cycles › Longchen NyingtikDukngal Rangdrol | Literary Genres › Recitation Manuals | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | Deutsch | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Avalokiteśvara, the Great Compassionate One

༄༅། །ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྙེན་པ་བྱ་ཚུལ།

ཨོཾ་སྭ་སྟི། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྙེན་པ་བྱ་ཚུལ་ལ། བསྙེན་པ་རྐྱང་པ་གཏོང་ཚུལ་དང་། བསྙེན་སྒྲུབ་ལས་གསུམ་སྦྲགས་ནས་བྱ་ཚུལ་ལོ། །དང་པོ་ནི། གནས་དབེན་པར་བསམ་གཏན་གྱི་ཁང་བུར་ཕྱག་དར་བྱ་ཞིང་། ཐུགས་རྗེ་ཆེན་པོའི་སྣང་བརྙན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་ཇི་ལྟར་རིགས་པ་དགྲམ། བསྙེན་རྐྱང་ཙམ་ལ་མདུན་བསྐྱེད་ཀྱི་རྟེན་བཤམ་མ་གྲུབ་ཀྱང་འགལ་བ་མེད་པས། སྨན་རག་གཏོར་གསུམ་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཀོད་མཛེས་སུ་བཤམ། གཟའ་སྐར་བཟང་བའི་ཕྱི་དྲོའི་ཆར་སྔོན་འགྲོ་དང་། ལས་བྱང་གི་སྐྱབས་སེམས་ཡན་ལག་བདུན་པ་བཅས་སོང་མཚམས། དཀར་གཏོར་སྡེ་བརྒྱད་གསེར་སྐྱེམས་དང་། དེ་ནས་རང་ཉིད་རྟ་མགྲིན་དུ་གསལ་བས་བགེགས་གཏོར་བྱིན་རླབས་བསྔོ་ཞིང་ཕྱི་རོལ་དུ་དོར་བ་དང་ལྷན་ཅིག་སྒོ་རྩར་རྒྱལ་ཆེན་ཐོ་འཛུགས་རྒྱས་བསྡུས་གང་རིགས་བྱ། ནང་དུ་ལོགས་ལ་སྲུང་འཁོར་ནས་བཟླས་པའི་བར། བཟླས་པ་འོས་མཚམས་རྗེས་མཆོད་བསྟོད་དང་། གསོལ་འདེབས་ཞལ་མཐོང་མ། ནོངས་བཤགས་ནས་བཀྲ་ཤིས་བར་ལས་བྱང་ལྟར་བྱའོ། དེ་ནས་སྲོད་ཐུན་ལའང་ལས་བྱང་གཞུང་བསྲངས་ལ་སྐྱབས་སེམས་ནས་བཟུང་གོང་ལྟར་ལ། འདི་མན་ཐུན་རྣམས་ལ་བགེགས་གཏོར་དངོས་སུ་བསྔོ་མི་དགོས་པས། ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་དང་། འདོད་ཡོན་གཏོར་མ་འདི་ལོངས་ལ༔ ཞེས་པའི་ཚིག་རྐང་བསྒྱུར་བས་འཐུས། སང་ཉིན་ནས་བཟུང་ཐོར་ཐུན། སྔ་ཐུན། ཕྱི་ཐུན། སྲོད་ཐུན་ཏེ་ཐུན་བཞིའི་རིམ་པས་ལས་བྱང་གཞུང་བསྲངས་ལ་གཙོ་བོར་ཡིག་བདུན་ཁོ་ན་བཟླ། ཐུན་གཤམ་དུ་ལྷ་མོ་བཞིའི་སྔགས་ཀྱང་ཕྲེང་སྐོར་རེ་ཙམ་བཟླས་པས་འཐུས། དེ་ལྟ་བུའི་རིམ་པས་གྲངས་བསྙེན་བྱེད་པའམ། དུས་བསྙེན་བྱེ་བ་བཞི། རྟགས་བསྙེན་གཞུང་གསལ་ལྟར་ཏེ་འདི་གསུམ་གང་འགྲུབ་རང་གི་བློ་ནུས་དང་བསྟུན་ནས་རུང་། གང་ལྟར་ཡང་། རྩ་བའི་གྲངས་བསྙེན་རྫོགས་ནས་ལྷ་མོ་བཞིའི་སྔགས་གཙོ་བོར་བཏོན་ནས། སོ་སོར་རྩ་བསྙེན་གྱི་བཅུ་ཆ་རེ་ཙམ་བཟླ་གྲུབ་ན་ལེགས། དེ་ནས་མཚམས་གྲོལ་ཁར་སང་གྲོལ་རྒྱུའི་དོ་ནུབ་ནས་ཚོགས་གཏོར་གསར་བ་ཅི་འབྱོར་བཤམ། ནང་པར་སྔ་བར་ལངས་ལ་ལས་བྱང་གཞུང་བསྲང་བ་ནས་ཚོགས་མཆོད་སྐོང་བའི་བར་བྱ། དེ་ནས་ཡེ་ཤེས་སྐུ་མཆོག་དང་ཡི་གེ་བརྒྱ་པས་འཁོན་གཅུགས་སྦྱངས། དངོས་གྲུབ་ཀྱི་རྫས་ལ་བྱིན་འབེབས་ལས་བྱང་ལྟར་བྱ། སྔགས་རྣམས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཏགས་པ་བརྒྱ་སྟོང་སོགས་གང་འགྲུབ་བཟླས་པས་ཐུགས་རྒྱུད་བསྐུལ། སྐྱ་རེངས་ཤར་བ་དང་བསྟུན་མཆོད་བསྟོད་སྔོན་དུ་འགྲོ་བས། ཧཱུྃ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ བསྙེན་ཅིང་སོགས་པའི་ཚིག་གིས་དངོས་གྲུབ་བསྐུལ་ཏེ། མདུན་གྱི་སྒྲུབ་གཏོར་ཡོད་ན་དེ་ཉིད་ལྷར་གསལ་བའམ། སྒྲུབ་གཏོར་ལོགས་སུ་མེད་ནའང་སྨན་རཀ་གཏོར་གསུམ་གྱི་གཏོར་མ་དེ་ཀ་སྐད་ཅིག་གིས་ལྷར་གསལ་བ་གནས་གསུམ་དུ་བཞག་ཅིང་། གཏོར་ཟན་དངོས་གྲུབ་ཏུ་བསམས་ལ་ཅུང་ཟད་མྱངས་ཤིང་སྔར་ཤུལ་དུ་བཞག་ཚོགས་ལ་རོལ། ལྷག་མ་ནས་བཟུང་གཏོར་བྲོ་བར་གཞུང་ལྟར་དང་མཆོད་བསྟོད། ནོངས་བཤགས་ནས་བཀྲ་ཤིས་བར་མཐར་དབྱུང་། སྦྱིན་སྲེག་གྲུབ་ན་འདི་ཉིན་ནས་བཟུང་སྟེ་ཉིན་གཉིས་གསུམ་བྱ་ཞིང་། དེའང་རིག་འཛིན་ཞི་དྲག་གི་སྦྱིན་སྲེག་གམ། ཡུམ་ཀའི་མེ་མཆོད་ལ་ཁ་བསྒྱུར་བས་མཐུས། མ་གྲུབ་ན་སྔགས་ཀྱི་ལྷག་ཆད་ཁ་བསྐངས་བར་དམིགས་ཏེ་ཡི་གེ་བརྒྱ་པ་མང་དུ་བཟླ། དེ་ནས་རྒྱལ་ཐོའི་བར་གཏང་རག་གི་མཆོད་གཏོར་བཤམས་ལ་ཕུལ་ཞིང་། ནོངས་བཤགས། གཤེགས་གསོལ་བྱས་ནས་མཚམས་རིམ་གྱིས་གྲོལ་ལོ། ༈ །

ཚོགས་ནི་བྱུང་ན་ཉིན་རེ་བཞིན་ཕྱི་ཐུན་གྱི་མཇུག་ཏུ་ཚར་རེ་ཆགས་མེད་བྱ། དེ་ཙམ་མ་བྱུང་ན་ཡར་མར་གྱི་ཚེས་བཅུ་ལྟ་བུའི་དུས་ཆེན་གྱི་སྐབས་ཅི་འགྲུབ་བྱས་པས་འཐུས། ༈ །

གཏོར་མ་སྒྲུབ་གཏོར་དཔེའུ་རིས་ལྟར་བཅས་པ་ཡོད་ན་སྟེགས་ཀྱི་གོང་དུ་བཤམས་ནས་བདག་མདུན་དབྱེར་མེད་ཀྱི་ལྷར་བསྐྱེད། དེའི་མདུན་བང་རིམ་ལྟ་བུའི་སྟེང་དུ་སྨན་རཀ་གཏོར་གསུམ་སྤྱི་འགྲེ་དང་། དེའི་མདུན་དུ་ཉེར་སྤྱོད་སྦྲེང་ཚར་དུ་བཤམ། སྒྲུབ་གཏོར་བཅའ་མ་གྲུབ་ཀྱང་འགལ་བ་ཆེར་མེད་པས་སྨན་རཀ་གཏོར་གསུམ་སྤྱི་ཁྱབ་ཁོ་ནས་ཀྱང་ཆོག་གོ། ༈ །

གཞན་ལས་བྱང་གི་དོན་ནི་གོ་དོན་དཀའ་འགྲེལ་སོགས་ལས་ཤེས་ཤིང་། མཚམས་ཀྱི་སྐབས་སྤང་བླང་བྱ་ཚུལ་སོགས་བསྙེན་མཚམས་སྤྱི་ལྟར་ཤེས་པར་བྱའོ། ༈ །

གཉིས་པ་བསྙེན་སྒྲུབ་ལས་གསུམ་སྦྲགས་ནས་བྱ་ཚུལ་ནི་པྲ་ཁྲིད་བཞིན་ཡིན་ཀྱང་སྒྲུབ་རྫས་བླ་རྡོ་སྲོག་འཁོར་སོགས་ཐུང་གིས་འཛོམ་དཀའ་ཞིང་། འདོན་ལུགས་སོགས་ཀྱང་ངག་ཁྲིད་ཞིབ་ཆ་བྱུང་ན་མ་གཏོགས་ཡི་གེ་ཉུང་ངུས་ཤེས་པར་མི་ནུས་པས། དེས་ན་ད་རེས་རེ་ཞིག་གོང་གསལ་བསྙེན་རྐྱང་ཙམ་མཛད་ནས་སླར་རིམ་གྱིས་བསྙེན་སྒྲུབ་ལས་གསུམ་རྒྱས་པར་མཛད་ན་ལེགས་སོ། མདྒ་ལཾ། ༈ །

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept