བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

སྔོན་འགྲོ་མདོར་བསྡུས་བྱང་ཆུབ་ལམ་བཟང་།

English | བོད་ཡིག

༄༅། །སྔོན་འགྲོ་མདོར་བསྡུས་བྱང་ཆུབ་ལམ་བཟང་བཞུགས་སོ། །

 

བླ་མ་མཁྱེན།

ལན་གསུམ།

དལ་འབྱོར་རྙེད་དཀའ་དོན་ཆེན་ཐོབ་དུས་འདིར། །

སྣོད་བཅུད་མི་རྟག་དྲན་པས་རྒྱུད་བསྐུལ་ནས། །

སྲིད་གསུམ་སྡུག་བསྔལ་མཚོ་ལས་ངེས་འབྱུང་ཕྱིར། །

བླང་དོར་མ་ནོར་ལམ་ལ་བརྩོན་ནུས་ཤོག །

 

ཅེས་མངྒ་ལས་སོ།།

 

ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །

རྩ་བ་གསུམ་ལ་སྐྱབས་སུ་མཆི། །

གཞན་དོན་སངས་རྒྱས་འཐོབ་བྱའི་ཕྱིར། །

སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད། །

ཨཱཿ བདག་ཉིད་སྤྱི་བོར་པད་ཟླའི་སྟེང་། །

བླ་མ་རྡོར་སེམས་ཡབ་ཡུམ་གྱི། །

ཐུགས་ཀའི་སྔགས་ལས་བདུད་རྩིའི་རྒྱུན། །

བབས་པས་ནད་གདོན་སྡིག་སྒྲིབ་སྦྱངས། །

ཡི་གེ་བརྒྱ་པ་བརྗོད།

རྡོར་སེམས་འོད་ཞུ་རང་ལ་ཐིམ། །

ཨོཾ་ཨཱཿཧཱུྃ།

སྐུ་གསུམ་ཞིང་ཁམས་ལོངས་སྤྱོད་དང་། །

ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །

དཀོན་མཆོག་རྩ་བ་གསུམ་ལ་འབུལ། །

བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །

ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནི་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ།

རང་མདུན་ནམ་མཁར་འཇའ་འོད་ཀློང་། །

རྩ་བའི་བླ་མ་ཐོད་ཕྲེང་རྩལ། །

བརྒྱུད་གསུམ་རིག་འཛིན་རྒྱ་མཚོས་སྐོར། །

སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས། །

ཚིག་བདུན་གསོལ་འདེབས་དང་བསྙེན་པ་བཛྲ་གུ་རུ་ལ་འབད། མཐར།

གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །

བྱིན་རླབས་དབང་དང་དངོས་གྲུབ་ཐོབ། །

བླ་མ་འོད་ཞུ་རང་ལ་ཐིམ། །

དབྱེར་མེད་མ་བཅོས་ལྷུག་པར་བཞག །

དགེ་བ་བསྔོའོ།།

 

ཞེས་པའང་མཁྱེན་བརྩེའི་དབང་པོས་སོ༎ ༎

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Longchen Nyingtik Field of Merit

This website uses cookies to collect anonymous usage statistics and enhance the user experience.
Decline
Accept