བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཡུམ་ཀ་མཁའ་འགྲོའི་ཚོགས་ཀྱི་མཆོད་པ་ཉེ་བར་བསྡུས་པ་གྲུབ་གཉིས་དཔལ་ཕྲེང་།

English | བོད་ཡིག

༄༅། །ཡུམ་ཀ་མཁའ་འགྲོའི་ཚོགས་ཀྱི་མཆོད་པ་ཉེ་བར་བསྡུས་པ་གྲུབ་གཉིས་དཔལ་ཕྲེང་།

 

ན་མོ་གུ་རུ་བྷྱཿ

སྙིང་དབུས་མི་ཤིགས་ཐིག་ལེ་ཆེར། །
བདེ་སྟོང་འཕོ་མེད་གྲུབ་པའི་སྲོག །
རྣམ་ཀུན་མཆོག་ལྡན་ཌཱ་ཀི་ནཱིར། །
དུས་གསུམ་དུས་མེད་ཆེན་པོར་འདུད། །

འདིར་རྣལ་འབྱོར་པ་གང་ཞིག་གིས་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་གསང་ལམ་མཐར་ཐུག་པའི་ཐབས་མཁས་ལ་བརྟེན་ནས་ཚོགས་གཉིས་མྱུར་དུ་འདུམས་པར་འདོད་པས་ཉེ་བར་བརྩམ་པའི་ཡན་ལག་ཁྱད་པར་ཅན་ནི་ཚོགས་ཀྱི་འཁོར་ལོ་སྟེ། དེའང་ཡེ་ཤེས་ཀྱི་ཌཱ་ཀི་བདེ་ཆེན་རྒྱལ་མོའི་དཀྱིལ་འཁོར་དུ་ཕྱི་ནང་གནས་ཡུལ་གྱི་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་མཉེས་པར་བྱེད་པ་ལ་རྒྱས་པར་ནི་རང་ཉིད་ཀྱི་ལས་གཞུང་ལས་འབྱུང་བ་ལྟར་ལ། སྤྲོས་པ་ཉེ་བར་བསྡུ་བའམ། གྲངས་གསོག་སོགས་ཀྱི་ཚེ་འཇུག་བདེ་བའི་དབང་དུ་བྱས་ན།

ཐོག་མར་བྱིན་གྱིས་བརླབ་པ་ནི།

ཧོཿ བདེ་བ་ཆེན་པོའི་སྣོད་མཆོག་ཏུ༔

ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནི༔

བླང་དོར་མེད་པའི་དམ་ཚིག་རྫས༔

ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུར༔

ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ།

ཧཱུྃ། འོག་མིན་གནས་དང་མཁའ་སྤྱོད་ཞིང་༔

དཔའ་བོ་མཁའ་འགྲོ་འདུ་བའི་གནས༔

ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལ༔

ནང་ལྟར་རྡོ་རྗེ་ཕུང་པོའི་གྲོང་༔

སྤྱི་བོ་ཛ་ལནྡྷཱ་ར་སོགས༔

གདན་གསུམ་ཚང་བའི་དཀྱིལ་འཁོར་ན། །

བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔

མཁའ་འགྲོ་དང་ནི་མཁའ་འགྲོ་མ༔

ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔

དབུ་སྐྲའི་ཐོར་ཚུགས་ལྡེམས་སེ་ལྡེམ༔

ལྕང་ལོའི་ཟར་བུ་ཏ་ལ་ལ༔

སྙན་ཆ་གདུ་བུ་ཀྱི་ལི་ལི༔

རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔

ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔

རྡོ་རྗེའི་གླུ་དང་གར་ལ་རོལ༔

འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔

དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔

ཕྱི་ནང་བར་ཆད་དབྱིངས་སུ་སྒྲོལ༔

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

ཡི་གེ་བརྒྱ་པ་བརྗོད།

དེ་ནས་ལྷག་མ་བསྔོ་བ་ནི།

ཨ་ཀཱ་རོས་བརླབ་

ཕེཾ་ཕེཾ༔ ལྷག་ལ་དབང་བའི་བཀའ་ཉན་ནི༔

མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་༔

གིང་ཆེན་ཁྱོ་ཤུག་ལངྐ་འབུམ༔

ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་༔

མགྱོགས་མ་བཞི་དང་འབར་མ་བརྒྱད༔

མ་མོ་བདུན་དང་སྲིང་མོ་བཞི༔

ཤུགས་འགྲོ་གནས་ཉུལ་ཕྲ་མེན་རྣམས༔

ལྷག་ལ་གདུངས་ཤིང་ཚོགས་ཁང་འགྲིམ༔

ཕམ་ཕབས་བཟང་པོ་འདི་བཞེས་ལ༔

མི་མཐུན་རྐྱེན་ངན་བར་ཆད་སོལ༔

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔

ཅེས་པས་ཕྱི་རོལ་དུ་དོར།

ཡེ་ཤེས་མཁའ་འགྲོའི་གྲོང་ཁྱེར་དུ། །

ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས།

བདག་གཞན་འགྲོ་བ་མ་ལུས་པ།

དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག སོགས་ཀྱིས་སྨོན་ལམ་གདབ་པར་བྱའོ། །

འདི་ཡང་ཀུན་མཁྱེན་བླ་མ་དང་། །
དབྱེར་མེད་མཁའ་འགྲོའི་ཚོགས་རྗེ་ཡིས། །
བྱིན་གྱིས་བརླབས་པའི་ཉེར་ལེན་ལས། །
བྱུང་ཕྱིར་སྐལ་བཟང་རྣམས་ཀྱིས་ལོངས། །

 

ཞེས་པའང་དཔལ་ས་ལ་སྤྱོད་པའི་འོག་མིན་བསྒྲགས་མདའ་མཚོ་རྒྱལ་བླ་མཚོར་ཡུམ་ཀ་མཁའ་འགྲོའི་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོ་སྟོང་ཕྲག་ཐལ་བ་བགྱིས་པའི་ཚེ་རིག་འཛིན་གྱི་བཙུན་པ་པདྨ་དགྱེས་པའི་སྡེས་གནས་དེ་ཉིད་དུ་རྩ་བའི་གཞུང་ལས་བསྡུས་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་མཁའ་སྤྱོད་རྡོ་རྗེ་བཙུན་མོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།སརྦ་ཤུབྷཾ།། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

ཡུམ་ཀ་བདེ་ཆེན་རྒྱལ་མོ།

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept