བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་།

English | བོད་ཡིག

༄༅། །རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་བཞུགས་སོ། །

 

ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ།

མངོན་པར་དགའ་བ་རང་བཞིན་སྤྲུལ་པའི་ཞིང་། །

བལྟ་ན་སྡུག་པའི་གཞལ་མེད་ཁང་ཆེན་དབུས། །

རང་གི་སྤྱི་བོར་གླང་པོས་མཚན་པའི་ཁྲིར། །

རྩ་བའི་བླ་མ་རྡོ་རྗེ་མི་བསྐྱོད་པ། །

སྐུ་མདོག་དཀར་གསལ་རྡོར་དྲིལ་ཡུམ་དང་འཁྲིལ། །

ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །

རིགས་ཀུན་འདུས་པའི་བདག་ཉིད་ཆེན་པོ་ལ། །

ཕྱག་འཚལ་སྐྱབས་མཆི་ལུས་དང་ལོངས་སྤྱོད་འབུལ། །

སྡོམ་གསུམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །

བྱང་ཆུབ་བསོད་ནམས་མཆོག་ལ་རྗེས་ཡི་རང་། །

ཐེག་པ་རྒྱ་མཚོའི་ཆོས་འཁོར་བསྐོར་དུ་གསོལ། །

རྟག་པ་རྒྱན་གྱི་འཁོར་ལོར་བཞུགས་གསོལ་འདེབས། །

དགེ་ཚོགས་འཁོར་གསུམ་ཡོངས་དག་ཆེན་པོར་བསྔོ། །

ཁྱེད་ཤེས་མོས་གུས་གདུང་བས་གསོལ་བ་འདེབས། །

སྐུ་མཆོག་རྡོ་རྗེ་མཛོད་སྤུའི་དཀྱིལ་འཁོར་ནས། །

གདན་གསུམ་ཚང་བའི་དཀྱིལ་འཁོར་མངོན་སྤྲུལ་ཏེ། །

བུམ་དབང་བསྐུར་ནས་ཕུང་ཁམས་སྐྱེ་མཆེད་ཚོགས། །

ཡོངས་གྲུབ་གདན་གསུམ་འཁོར་ལོར་སྨིན་བྱིན་རློབས། །

ཨེ་ཝཾ་ཟུང་འཇུག་རོལ་པའི་དཀྱིལ་འཁོར་ནས། །

ཞུ་བ་སྐུ་དང་བདེ་བ་གསུང་རྡོ་རྗེ། །

མི་རྟོག་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནི། །

བྱང་ཆུབ་སེམས་དང་རྣམ་ཐར་གསུམ་ལྡན་གྱི། །

ཆོ་གས་མཆོག་དབང་རྣམ་གསུམ་མངོན་བྱས་ཏེ། །

རླུང་ཡིད་ཤེས་བྱའི་སྒྲིབ་པ་དྷུ་ཏིའི་དབྱིངས། །

གཅིག་ཆར་བཅོམ་ནས་དགའ་མཆོག་ཁྱད་པར་གྱི། །

དཔེ་དོན་ལྡན་སྐྱེས་ཡེ་ཤེས་མཐོང་སྒོམ་ལམ། །

སློབ་པ་མིན་པར་ཡེ་ཤེས་བླ་མའི་དབྱིངས། །

བདེ་གཤེགས་ཁམས་ཀྱི་ཡོན་ཏན་མཐར་ཕྱིན་སྩོལ། །

ཨོཾ་ཨཱཿགུ་རུ་བཛྲ་ས་ཏྭ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ།

ཞེས་མོས་གུས་གདུང་བའི་ངང་ནས་བཟླས་པ་བྱ་བ་དང་ལྷན་ཅིག །བླ་མ་རྡོ་རྗེ་སེམས་དཔའི་སྐུའི་གསལ་སྣང་། གསུང་སྔགས་སྒྲ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་སེམས་འཛིན་ཅིང་བཟླ་བ་ནི་དོན་གྱི་དབང་བླང་བ་དང་།

བརྡའི་དབང་བླང་བ་བསྡུས་པ།

བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཆར་དུ་བྱུང་།

རང་གི་གནས་གསུམ་དུ་རིམ་དང་གཅིག་ཆར་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་དག །དབང་བཞི་ཐོབ། སྒྲིབ་བཞི་སྦྱངས།

སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་གྱུར།

ཞེས་མོས་གུས་གདུང་བའི་ངང་ནས་བཟླས་པ་བྱ་བ་དང་ལྷན་ཅིག་དབང་བཞིའི་དོན་སྒྲ་ཇི་བཞིན་པའི་དམིགས་པ་ལ་བརྟེན་སྒོམ་བྱ་བ་ནི་བླ་མའི་ཞལ་ཤེས་ལས་ཤེས་ཤིང་།

ཤིན་ཏུའང་ཐུན་མོང་མ་ཡིན་པའི་མན་ངག་ཏུ་རིག་པར་བྱའོ། །

 

དཔོན་པོ་འོད་ཟེར་ཕྲིན་ལས་ཀྱི་ངོར་རྒྱལ་བའི་དགོངས་བརྒྱུད་མངོན་དུ་ཕྱུང་བ་རིག་འཛིན་འཇིགས་བྲལ་གླིང་པས་སོ།། །།

 

འཇིགས་མེད་གླིང་པ།

Vajrasattva with consort

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept