བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཉམས་ཆག་སྐོང་བའི་མན་ངག༔

English | བོད་ཡིག

འུྃ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཉམས་ཆག་སྐོང་བའི་མན་ངག་བཞུགས༔

རང་བྱུང་རིག་པའི་ལྷ་ལ་འདུད༔ བསྙེན་སྒྲུབ་ཟབ་མོར་འཇུག་པའི་ཚེ༔ དེ་ཡི་དབང་ཐོབ་བླ་མ་དང་༔ དམ་ཚིག་ཉམས་ཆག་ཡོད་སྲིད་ན༔ སྒྲུབ་འབྲས་འབྱིན་པ་ཕུལ་བས་ན༔ གནད་ཀྱི་མན་ངག་འདི་ལྟར་བྱ༔ དབང་ལུང་ནོད་པའི་བླ་མ་དེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུར༔ བསམས་ཏེ་རང་གི་སྤྱི་བོར་བསྐྱེད༔ སྟོབས་བཞིའི་གནད་དང་ལྡན་པའི་ངང་༔ གླང་པོ་རབ་འབོག་རྒྱུད་ཀྱི་དོན༔ ཡེ་ཤེས་སྐུ་མཆོག་ཚར་གསུམ་དང་༔ ཡི་གེ་བརྒྱ་པ་ཅི་ནུས་མཐར༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད༔ དེ་རྗེས་སྤྱི་བོའི་བླ་མ་དེ༔ བདག་ཉིད་ཡི་དམ་གང་བསྙེན་གྱི༔ སྐུ་རུ་ལམ་གྱིས་གནས་བསྒྱུར་ལ༔ དབང་བཞི་བླང་ཞིང་རྩ་སྔགས་བཟླ༔ ཡི་དམ་འོད་ཞུ་རང་ལ་བསྟིམ༔ རང་ཡང་སྣང་སྟོང་བརྗོད་བྲལ་ངང་༔ མི་རྟོག་རྗེན་པའི་ངང་དུ་བཞག༔ ཕྱིན་ཆད་ཉམས་ཆག་འཁོན་འཛིན་དེ༔ རྒྱུད་ལ་ནམ་ཡང་གནས་མི་བྱ༔ གནད་ཀྱི་ནང་ནས་མན་ངག་སྟེ༔ རིགས་འདུས་སྐུ་གསུམ་བླ་མ་ཡི༔ དགོངས་བརྒྱུད་བྱིན་རླབས་ཚུལ་དུ་བབས༔ སྙིང་ལ་ཕུར་ཅིག་ས་མ་ཡ༔

འཇིགས་མེད་གླིང་པ།

འཇིགས་མེད་གླིང་པ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept