Manual of Concealed Instructions—Tibetan

Collections & Cycles › Longchen NyingtikRigdzin Düpa | Literary Genres › Termas | Collections & Cycles › Rinchen Terdzö | བོད་ཀྱི་བླ་མ།འཇིགས་མེད་གླིང་པ།

English | བོད་ཡིག

འཇིགས་མེད་གླིང་པ།

རིག་འཛིན་འདུས་པ།

Further information:
Download this text:

འུྃ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ རིག་འཛིན་གྱི་གབ་བྱང་གནད་ཀྱི་མིག་ཚག་བཞུགས༔

 

འུྃ༔  བརྡ་བརྒྱུད་རིག་འཛིན་རྒྱ་མཚོར་འདུད༔

རིག་འཛིན་སྒྲུབ་པའི་གབ་བྱང་ནི༔

ལྷ་ལ་ཡེ་ཤེས་སེམས་དཔའ་གབ༔

སྣང་སྲིད་ཟིལ་གནོན་ཐུགས་ཀ་རུ༔

རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔

སྐུ་མདོག་བྱེ་རུར་སྣུམ་བསྐུས་ལྟར༔

གསལ་འཚེར་བཀྲག་མདངས་ལྡན་པ་ལ༔

ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔

གཅེར་བུ་རུས་རྒྱན་ཐོར་ཚུགས་ཅན༔

རྡོ་རྗེ་དྲིལ་བུ་བསྣོལ་བའི་པང་༔

རྣལ་འབྱོར་སྔོན་མོ་གྲི་ཐོད་ཅན༔

ཆ་ལུགས་ཡབ་འདྲ་གཉིས་ཀ་ཡང་༔

ཤིན་ཏུ་ཆགས་པའི་རྣམ་འགྱུར་ཅན༔

ཟག་མེད་བདེ་བ་ཆེན་པོར་སྦྱོར༔

ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔

ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུ༔

སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོར༔

འོད་ཟེར་འཕྲོས་པས་སྣོད་བཅུད་སྦྱངས༔

རྣམ་དག་ལྷ་ཡི་དལ་དུ་བསྒོམ༔

མ་གྲུབ་བར་དུ་མི་བཏང་ངོ་༔

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

མི་ལ་གཅེས་པའི་རྣམ་ཤེས་ལྟར༔ ཕྱག་རྒྱ་རྟགས་ཀྱི་ལྷ་སྐུ་ཀུན༔ ཟིལ་གནོན་ཡེ་ཤེས་སེམས་དཔའ་ནི༔ ཤིན་ཏུ་གསལ་བརྟན་ཐོན་པ་གནད༔ ས་མ་ཡ༔

སྔགས་ལ་གབ་པ་འདི་ལྟ་སྟེ༔ བསྙེན་པ་འབྲུ་འབུམ་སྔོན་སོང་ནས༔ རིག་འཛིན་སྲོག་སྒྲུབ་སྙིང་པོ་ནི༔ ཐོག་མཐའ་ཨོཾ་དང་ཧཱུྃ་བཞག་ནས༔ བར་ན་བཅུ་གཉིས་གྲངས་མཛེས་པ༔ རིག་འཛིན་སྲོག་གི་ཡང་སྙིང་ཡིན༔

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔

འབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབ༔ ས་མ་ཡ༔

ཏིང་འཛིན་དོ་ལིའི་མན་ངག་གབ༔ ལྷ་ལ་གསལ་བརྟན་ཐོབ་པའི་ཚེ༔

ཐུགས་ཀའི་སྔགས་ཕྲེང་གཡས་བསྐོར་ལས༔

སྔགས་ཕྲེང་ལུ་གུ་རྒྱུད་དུ་འཕྲོས༔

ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན༔

ཡུམ་གྱི་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔

ཐུགས་ཀའི་བཾ་ལ་གཡོན་དུ་འཁོར༔

མཁའ་གསང་ནོར་བུའི་ལམ་བརྒྱུད་དེ༔

འགལ་མེ་ལྟ་བུར་འཁོར་བ་ཡིས༔

ཡབ་ཡུམ་བདེ་བ་ཆེན་པོའི་ཉམས༔

བཟོད་དུ་མེད་པ་འབར་བ་ལས༔

ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོས༔

གཙོ་དང་འཁོར་བཅས་ཐམས་ཅད་ཀྱང་༔

བདེ་སྟོང་ཡེ་ཤེས་ཉམས་འུར་བས༔

ཅང་ཏེའུ་དྲིལ་བུ་ཁྲོ་ལོ་ལོ༔

ཞལ་ནས་ཧཱུྃ་གླུ་ཀྱུ་རུ་རུ༔

དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔

རྩལ་སྣང་དག་པ་རབ་འབྱམས་ཀྱི༔

དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ལ༔

རིག་པ་གཏད་དེ་གཡོ་མེད་བཞག༔

གལ་ཏེ་སྣང་སྲིད་སྣོད་བཅུད་ཀྱི༔ དངོས་སྣང་ཞིག་པར་མ་གྱུར་ན༔ དཀྱིལ་འཁོར་འཁོར་ལོའི་འོད་ཟེར་གྱིས༔ སྣོད་བཅུད་སྦྱངས་ཏེ་རང་ལ་བསྟིམ༔

ལྷ་དང་སྣང་བ་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པར་མ་གྱུར་བར༔ ཏིང་འཛིན་གནད་ཀྱི་འཛིན་ཕུར་གདབ༔

ང་རུ་འཛིན་པའི་ང་རྒྱལ་དང་༔ དག་པ་དྲན་པའི་བསྐྱེད་རིམ་དང་༔ རྣམ་པ་བཅོས་ནས་གསལ་བ་དེས༔ ཟུང་འཇུག་འབྲས་བུ་འབྱིན་མི་ནུས༔

དབྱིངས་ཀྱི་གསལ་ཆ་ལྷར་ཤར་བས༔ བསོད་ནམས་ཚོགས་ཆེན་འདི་ཡིས་རྫོགས༔ དེ་ལ་དངོས་ཞེན་རྣམ་དག་པས༔ ཡེ་ཤེས་ཚོགས་ཀྱང་རྫོགས་པ་ཡིན༔ ས་མ་ཡཱ༔

དེའི་ཚེ་འབྲས་བུ་ནོད་ཚུལ་གྱི༔ མན་ངག་གབ་པ་འདི་ལྟ་སྟེ༔

ཐ་མལ་ལུས་ལ་ཡེ་ཤེས་ཀྱི༔ ས་ཚོད་རིག་འཛིན་བརྙེས་པའི་ཚུལ༔ རྒྱུད་དང་རྗེས་མཐུན་ཁྱད་པར་གནད༔

སློབ་དཔོན་བསྐུལ་ཞིང་བསགས་སྦྱངས་བརྩོན༔ མོས་གུས་གཡོ་བ་གཡོ་ཉམས་ལ༔ དབང་གི་དཀྱིལ་འཁོར་ཡོངས་རྫོགས་ཤིང་༔ ཡེ་ཤེས་མཐོང་བ་ས་དང་པོ༔

དམ་ཚིག་མ་ཉམས་དཀྱིལ་འཁོར་ལྷ༔ རང་དུ་ཤེས་པ་ས་གཉིས་པ༔

དཀྱིལ་འཁོར་གཙོ་ལ་སེམས་འཛིན་ས༔ གསུམ་པ་ཡིན་ནོ་རིག་པ་འཛིན༔

དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ༔ སེམས་འཛིན་ཐོབ་པ་ས་བཞི་པ༔

དེ་ལྟར་མན་ཆད་ཐོབ་པའི་ཉམས༔

ཏིང་ངེ་འཛིན་ལ་དགའ་བྲོད་དང་༔ འཕེལ་འགྲིབ་རིམ་གྱིས་བརྟན་འགྱུར་ཞིང་༔

སྦས་ཚུལ་༼ སྒྱུ་འཕྲུལ་ལས་རིམ་སོགས་དང་རྣམ་པར་བཤད་ཚུལ་མི་མཚུངས་ཀྱང་དོན་གྱི་འཇོག་ཚུལ་མཚུངས་པས་རྣམ་བཞག་ཕྱིན་ཅི་མ་ལོག་པ་ཡོད་པས་མན་ངག་གི་དགོངས་པ་ལེན་པར་བྱ༔༽ རྣམ་སྨིན་རིག་འཛིན་ནོ༔

དེ་ལས་དཀྱིལ་འཁོར་འཁོར་ལོ་ནི༔ གསལ་བར་ཟིན་པ་ས་ལྔ་པ༔

རླུང་སེམས་གདེངས་ཐོབ་ལྟ་བས་ཟིན༔ རྟེན་ནས་བརྟེན་པའི་འཁོར་ལོ་རྣམས༔ ཤིན་ཏུ་ཕྲ་བའི་རྡུལ་ཕྲན་དུ༔ སྤྱན་གྱི་དཀར་ནག་ཕྲ་མོ་ཚུན༔ མ་འདྲེས་ཀུན་ནས་གསལ་བ་ནི༔ དྲུག་པ་མངོན་དུ་གྱུར་པའོ༔

ཕྱི་ནང་སྣོད་བཅུད་གང་དུ་ཡང་༔ རླུང་སེམས་དབྱེར་མེད་སེམས་ཟིན་པས༔ རྡོ་རྗེའི་བཟླས་པས་དུས་འདའ་བ༔ བདུན་པ་རིང་དུ་སོང་བ་སྟེ༔

དེ་མིན་ཀུན་བཟང་སྤྱོད་པ་ལྔ༔ ཁ་ན་མ་ཐོ་མེད་པར་སྤྱོད༔ གནས་དག་དགོན་པ་བས་མཐའ་བཟུང་༔ འཚོ་བ་དག་པ་ཆོས་མཐུན་ཟས༔ གྲོགས་དག་བླ་མ་ཚངས་མཚུངས་ལྡན༔ སྡོམ་པ་དག་པ་སོ་ཐར་དང་༔ བྱང་སེམས་རིག་འཛིན་ཉེས་མ་གོས༔ ཆོས་དག་བསྐྱེད་དང་རྫོགས་པས་གཉིས༔ གཙོ་བོར་ལྷ་ཡི་ལམ་ཁྱེར་བསླབ༔

དེ་ཡན་ས་ཡི་ལྷག་མ་རྣམས༔ སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡི༔ མ་བརྒྱུད་ཨ་ནུའི་ལམ་མཆོག་ལ༔ བརྟེན་ནས་བསྒྲོད་པ་ལམ་འདིའི་ལུགས༔

འོན་ཀྱང་ལམ་དང་ཉམས་ལྔའི་འགྲོས༔ བསྐྱེད་རིམ་ཤིན་ཏུ་གོམས་པའི་རྟགས༔ ཡེངས་དང་མ་ཡེངས་མེད་པརའཆར༔ མཉམ་བཞག་རྗེས་ཐོབ་མཐའ་ལས་གྲོལ༔ སྐྱེ་འཆི་གདིང་ཐོབ་ཚེ་དབང་སྟེ༔ བརྒྱད་པ་མི་གཡོའི་ས་ཡིན་ནོ༔

དེ་ནས་གོམས་པས་བརྟན་པའི་རྟགས༔ ལུས་ལ་ཚོར་བའི་ཟུག་རྔུ་མེད༔ ངག་ལ་བདེན་ཐོབ་ཆོས་རྣམས་ཤེས༔ ཡིད་ལ་མངོན་ཤེས་སྣ་ཚོགས་འཆར༔ མཁའ་འགྲོ་བདེ་གཤེགས་ལུང་ཡང་སྟོན༔ དགྲ་བགེགས་གཉིས་ལ་བདེན་པས་འཇུག༔ དགུ་བཅུ་ཕྱག་རྒྱའི་རིག་འཛིན་ནོ༔

དེ་ནས་མཐར་ཕྱིན་ཀུན་ཏུ་འོད༔ དག་པ་རབ་འབྱམས་ཆེན་པོའི་དུས༔ ལྷུན་གྱི་གྲུབ་པའི་རིག་འཛིན་ཏེ༔ རང་གི་ཆོ་འཕྲུལ་འོད་ལྔར་འཆར༔ ལུས་ངག་ཡེ་ཤེས་འོད་གསལ་སྐུ༔ རྣམ་པར་རྟོག་པ་རྩད་ནས་ཆོད༔ རིག་པ་ཆོས་སྐུ་འགྱུར་མི་སྲིད༔ བདག་ཏུ་ལྟ་བའི་ས་བོན་ཞིག༔ མངོན་པར་ཤེས་པ་གཉིས་ཀ་འཆར༔ སྐྱེ་འཆི་གནོད་གཅོད་སྡུག་བསྔལ་མེད༔ སྐུ་ལྔ་ལྷུན་གྲུབ་རིན་ཆེན་སྦུབས༔ ལོངས་སྐུ་ཆེན་པོའི་སྣང་བ་འཆར༔ ས་མ་ཡ༔

བསྐྱེད་རྫོགས་ཟབ་ཟབ་གྲངས་མང་ཡང་༔ ལམ་གྱི་གནད་དང་ས་ཡི་ཆོད༔ སྦས་དོན་བཙན་ཐབས་མན་ངག་གནད༔ རྒྱུད་སྡེའི་ཡང་སྙིང་འདི་མེད་ན༔ ཀུན་བརྟགས་བསྐྱེད་རིམ་འབད་བསྒོམས་ཀྱང་༔ གནས་སྐབས་མངོན་ཞེན་དགག་པ་ཙམ༔ ཡང་ན་བདུད་དང་རུ་ཏྲར་གོལ༔ ཟུང་འཇུག་མིང་དུ་ཟད་པའི་ཚེ༔ རྟགས་མཚན་བློ་ཡི་སྣང་བ་ལ༔ ཡེ་ཤེས་ལྷ་ནི་འགྲུབ་པོ་སྙམ༔ འདོད་ཡོན་བདུད་ཀྱི་ཆོ་འཕྲུལ་ལ༔ རིག་པ་འཛིན་པའི་ས་ནོན་སྙམ༔

 

སྔགས་ཀྱི་བསྟན་པ་ཉམས་པའི་ཚེ༔ རང་བྱུང་རྡོ་རྗེ་འཇིགས་མེད་གླིང་༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔

ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ དྷ་ཐིམ༔

 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept