Verse Autobiography—Tibetan

Literary Genres › BiographyAutobiography | བོད་ཀྱི་བླ་མ།འཇིགས་མེད་གླིང་པ།

English | བོད་ཡིག

འཇིགས་མེད་གླིང་པ།

འཇིགས་མེད་གླིང་པ།

Further information:
Download this text:

༄༅། །རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་དོན་གྱི་རྣམ་ཐར་དོ་ཧའི་རྒྱན་ཅེས་བྱ་བ་བཞུགས།

སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །

ཟད་དང་མི་སྐྱེ་ཤེས་པ་ཡིས། །
ཆོས་ཉིད་མངོན་དུ་མ་བྱས་པར། །
གཟུང་འཛིན་རྣམ་རྟོག་རྗེས་སོན་པའི། །
འཁོར་བའི་རྣམ་ཐར་བརྗོད་མི་ལང༌། །

ཀུན་གཞི་ལུང་མ་བསྟན་གྱི་ཁམས། །
དམིགས་པ་དང་ནི་མཚུངས་ལྡན་གྱི། །
ཟག་པ་བསྐྱེད་ཅིང་འཕེལ་བྱས་པ། །
རྣམ་པར་ཤེས་པའི་ཚོགས་དག་དང༌། །
ཁམས་དང་སྐྱེ་མཆེད་འདུས་བྱས་ལ། །
འཇིག་རྟེན་སྲིད་པའི་འཁོར་ལོར་གྲགས། །

དེ་ལས་ད་རེས་འདོད་པའི་ཁམས། །
ང་ཡིར་འཛིན་པའི་གནས་སྐབས་ཀྱི། །
ཡུལ་ནི་ཤྲཱི་པར་པ་ཏ། །
རུས་ནི་ཆོས་རྗེ་རྒྱ་ཡགས་པ། །
མངའ་རིས་ཅན་དུ་མ་སྐྱེས་པས། །
གཞན་འབྱོར་ཚང་བའི་གེགས་མ་བྱས། །

རྣམ་རིག་གཙང་མའི་བུར་སྐྱེས་པས། །
རང་འབྱོར་ཡན་ལག་ཀྱང་མ་ཉམས། །
བྱ་རོག་དཀྲོགས་མིན་གཞོན་ནུ་ལ། །
སྡོམ་པ་སྐྱེ་བ་མ་ཡིན་ཀྱང༌། །
དྲུག་པའི་ལོ་ནས་གྲྭ་ཁྱུར་ཞུགས། །

ཆོས་སྤྱོད་བསླབ་པའི་བརྡུང་འཐག་དང༌། །
འབད་རྩོལ་ཆུང་བའི་ཐོས་བསམ་སྒོམ། །
རྒྱུ་འབྲས་འགལ་བ་ཅན་དུ་ཤར། །

བཅོ་ལྔའི་ལོ་ལ་རབ་བྱུང་ཡང༌། །
རྩ་བ་བཞི་ཙམ་མ་ལགས་པའི། །
བླང་འདས་ཤེས་པའང་ཡོད་མིན་ན། །
ཁྲིམས་ཀྱི་བསླབ་པ་ག་ལ་ཆགས། །

ལེགས་སྨོན་འབའ་ཞིག་དོན་གཉེར་ལ། །
ཉེས་སྤྱོད་སྡོམ་པ་ཡིན་སྙམ་ནས། །
དཀོར་ལ་རང་དགར་སྤྱོད་པ་ཡི། །
བཙུན་གཟུགས་རྣམ་ཐར་སྤྱི་མཐུན་བསྐྱངས། །

དེ་ལྟ་ན་ཡང་སྐྱོ་ཤས་དང༌། །
ངེས་འབྱུང་སྙིང་རྗེ་ཆེན་པོའི་བློ། །
ཤུགས་འབྱུང་དྲན་ཙམ་ཉིད་ནས་ཡོད། །
སྤྱོད་པ་བྱ་བྲལ་དག་ལ་སྨོན། །
ལྟར་སྣང་རིག་པ་ཧུར་སྤྱོད་ཅན། །
བྱིས་པའི་རྣམ་ཐར་བསྐྱངས་ཚེ་ཡང༌། །
བྱི་ལའི་བརྟུལ་ཞུགས་ངན་པ་ཡི། །
རྣམ་ཐར་ཁོང་ན་ཡོད་མི་སྲིད། །

ལུས་སེམས་གཉིས་ཀ་ནར་སོན་ཚེ། །
མི་བྱེད་བསམས་ཀྱང་གཞན་རྐྱེན་དང༌། །
མཐུན་པར་འཆར་བའི་གྲྭ་ཚོགས་ཀྱི། །
ཆགས་སྡང་གནས་ལ་སྐྱོ་བ་སྐྱེ། །
གཅིག་པུར་སྡོད་ཚེ་དམ་ཆོས་དྲན། །
ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཡི། །
རྣམ་ཐར་དང་རྟེན་གསུམ་ལ་བརྟེན་ནས། །
ས་ཚུགས་མེད་པའི་དད་སྟོབས་འབར། །
དུས་ད་ལྟ་ཟངས་མདོག་དཔལ་གྱི་རིར། །
སླེབ་ན་སྙམ་པའི་གདུང་བ་འཕེལ། །
དེ་ཚེ་བདག་རྒྱུད་བྱིན་གྱིས་རློབས། །

རྔོན་པས་རི་དྭགས་འདེད་པ་དང༌། །
འབྲོག་པས་ལུག་ཁྱུ་བདའ་བ་དང༌། །
ཁྲིམས་ཀྱི་འཇིགས་པས་མནར་བ་གསུམ། །
མཐོང་ན་ལྟ་ཅི་ཐོས་ན་ཡང༌། །
བཟོད་བླག་མེད་པའི་སྙིང་རྗེ་སྐྱེས། །

ཉི་ཤུ་རྩ་ལྔ་ལོན་པའི་ཚེ། །
འདུ་འཛིའི་ཉེས་དམིགས་འབའ་ཞིག་དྲན། །
ཕྱོགས་མེད་དུ་ཆོས་ལ་བྲོས་ན་སྙམ། །
གཅིག་པུར་ལུང་སྟོང་འགྲིམས་ན་སྙམ། །
རང་ཡུལ་ལ་ཞེན་པ་གཅོད་འདོད་བློ། །
རྒྱུན་ཆད་མེད་པ་ཡིད་ལ་ཤར། །

སྣང་བ་དགྲ་རུ་མི་སྡང་བས། །
བླ་མའི་མིང་དུ་ཆགས་པ་དང༌། །
སྒོམ་ཆེན་བྱ་བ་ཉུང་བ་དང༌། །
ཞི་དུལ་བསམ་པ་དགེ་བ་ཡི། །
ཆོས་དང་གང་ཟག་ཐམས་ཅད་ལ། །
རྟོག་དཔྱོད་མེད་པའི་རིམ་གྲོ་བསྐྱེད། །

སྦྱངས་བའི་ཡོན་ཏན་བཅུ་གཉིས་ཀྱི། །
དྲི་མས་གོས་པ་མ་ལགས་ཀྱང༌། །
ཁྱིམ་དང་བསམ་སྦྱོར་ཐ་དད་ཅིང༌། །
སྐྱོ་ཤས་ངེས་འབྱུང་ཚད་མེད་པས། །
ཤེས་རྒྱུད་སོ་སོར་ཐར་པ་དང༌། །
ཆ་མཐུན་འབྱོར་བའི་གནས་སྐབས་དེར། །
སྔགས་སྡོམ་གཟུགས་བརྙན་ཙམ་དང་བཅས། །

ཤྲཱི་པར་པ་ཏ་དང་ནི། །
དཔལ་གྱི་བསམ་ཡས་མཆིམས་ཕུ་རུ། །
ལོ་བདུན་བསྐྱེད་རྫོགས་རྩེ་གཅིག་སྒོམ། །

ཀུན་ནས་ཉོན་མོངས་དབང་པོ་ལྔའི། །
ཉེར་ལེན་རྣམ་བྱང་རྒྱུར་གྱུར་པས། །
ཤེས་པ་ཉམས་འུར་བག་ཕེབས་ཤིང༌། །
སྟོང་ཉིད་སྙིང་རྗེ་གོང་ནས་གོང༌། །
འཕེལ་བས་ཆགས་སྡང་རེ་དོགས་ཀྱི། །
རྣམ་རྟོག་རང་གྲོལ་ལམ་དུ་ལྷོངས། །

རྩ་བ་གསུམ་གྱི་བྱིན་རླབས་དང༌། །
རྡོ་རྗེ་ལམ་གྱི་ཉེ་རྒྱུ་ལས། །
རྣམ་བྱང་ཡོན་ཏན་ཀུན་གྱི་མཛོད། །
སྐུ་གདུང་འབར་བ་མཁའ་འགྲོའི་བརྡའ། །
སོ་སོ་ཡང་དག་རིག་པའི་གཏེར། །
རྒྱལ་དབང་པདྨའི་ལུང་གིས་ཕྱེ། །

རྩ་ཁམས་ཡི་གེའི་འཁོར་ལོའི་སྤྲིན། །
དམ་པ་ཆོས་ཀྱི་རོལ་མོ་རུ། །
འཁྲོལ་ལ་གནས་གསུམ་མཁའ་འགྲོ་དང༌། །
ཀུན་དུ་ཐོགས་མེད་སྤྱན་ལྡན་གྱིས། །
དབང་གྱུར་མངོན་སུམ་ཚད་མའི་ཕྱིར། །
རྟོག་གེའི་གནས་ལ་འཇིགས་པ་དང༌། །
གོར་མའི་སེར་ཀ་འབྲུ་བ་དང༌། །
ཆོས་བདག་རྐྱེན་ལ་རེ་བ་དང༌། །
རྟེན་འབྲེལ་རྫས་ལ་འཆོལ་བ་ཡི། །
སྤང་བླང་དགག་བསྒྲུབ་དབྱིངས་སུ་སངས། །

བདག་ཅག་ས་ལམ་མཐོན་པོ་རུ། །
སོན་པའི་ཁས་ལེན་མི་འགྲུབ་ཀྱང༌། །
མདོ་སྡེ་དྲན་པ་ཉེར་བཞག་ནས། །
ཆོས་གཏེར་ཆེན་པོ་བརྒྱད་གསུངས་པའི། །
དོན་ལ་སྟོན་པ་གང་ཞིག་ནི། །
ལས་དང་དངོས་གྲུབ་བསྒྲུབ་པ་ལ། །
བསླུ་བ་མེད་པའི་ཁྱད་ཆོས་ཡིན། །

ཁྱད་པར་སྔོན་གྱི་སྨོན་ལམ་མཐུས། །
ཀུན་མཁྱེན་ཆེན་པོའི་མན་ངག་ལ། །
བརྟེན་ནས་སེམས་ཀྱི་གནས་ལུགས་ཤེས། །
མཆིསས་ཕུའི་དགེའུ་འོག་མ་རུ། །
དངོས་ཞལ་མཇལ་ནས་བདེན་པ་མཐོང༌། །
གྲུབ་མཐའ་རྒྱ་མཚོ་སྨོས་ཅི་དགོས། །
དལ་འབྱོར་བཅོ་བརྒྱད་གྲངས་ངེས་དང༌། །
སྐྱེས་བུ་གསུམ་གྱི་སྐྱབས་འགྲོ་ཡན། །
འདི་ལ་བརྟེན་ནས་ཤེས་པའི་ཕྱིར། །

རྒྱལ་བ་བདེན་པར་སྨྲ་བ་དེས། །
གང་ལས་ཆོས་ནི་རྣམ་ཤེས་པས། །
དེ་ལ་གུས་པས་ཕྱག་བྱ་སྟེ། །
བྲམ་ཟེ་གཙང་མས་མེ་ལ་བཞིན། །
ཞེས་པའི་དོན་ལ་རབ་སྦྱར་བས། །
བསྟན་པ་ཀུན་གྱི་དེ་ཉིད་དང༌། །
རྫོགས་པ་ཆེན་པོའི་ཁྱད་ཆོས་རྟོགས། །

དངོས་ཉམས་རྨི་ལམ་ཐམས་ཅད་དུ། །
རྒྱལ་བ་དགྱེས་པའི་ལུང་བསྟན་ཐོབ། །
ཆོས་དང་གཟུགས་བརྙན་མི་ཕྱེད་ཅིང༌། །
བློ་གྲོས་བདུད་སྡེས་བཅོམ་པ་དག །
དགེ་སྦྱོང་གོའུ་ཏ་མ་ནི། །
མུ་སྟེགས་ཅན་གྱི་དཀའ་ཐུབ་ལས། །
ཉམས་པའི་སྡིག་ཏོ་ཅན་ནོ་ཞེས། །
འཁུ་ཞིང་གཤུང་བའི་རྣམ་ཐར་བསྐྱང༌། །
ཨེ་མ་མ་ལ་སྙིང་རེ་རྗེ། །

སྔོན་ཚེ་འོད་སྲུངས་རྒྱལ་བ་ལས། །
སེམས་ཀྱི་དམ་པ་ཐོབ་པ་ནས། །
བདེ་གཤེགས་སྙིང་པོའི་མཐོང་སྒོམ་གྱི། །
སྒྲིབ་གཉིས་སྤངས་པའི་རྒྱལ་བ་ཅན། །
བྱང་ཆུབ་ཤིང་དྲུང་གཤེགས་ཀྱི་བར། །
རྒྱལ་སྲས་སྤྱོད་པ་མི་ཉམས་ཤིང༌། །
སོ་སོའི་སྐྱེ་བོའི་གཞན་དབང་ལ། །
ལྟོས་པ་མེད་པའི་མངོན་རྟོགས་ནི། །
རང་བྱུང་རྡོ་རྗེ་ལྷུན་གྱིས་གྲུབ། །

དེ་ལྟ་ན་ཡང་བློ་གྲོས་ནི། །
ཤིན་ཏུ་གཟུ་པོར་གྱུར་བའི་ཕྱིར། །
ཆོས་དང་ཆོས་ཀྱི་གང་ཟག་གི །
གཟུགས་བརྙན་ཙམ་ལའང་མི་སྐུར་ན། །
འབྲེལ་བ་ཅན་ལ་སྨྲོས་ཅི་དགོས། །

རྒྱ་བོད་ཀུན་ཏུ་དབང་རྣོན་གྱི། །
གང་ཟག་ཆོས་ཀྱི་རྗེས་འབྲང་བའི། །
མཚན་ཉིད་རྨོངས་པས་ག་ལ་རིག །
སྲིད་རྩེའི་སེམས་དང་བརྗོད་མེད་བདག །
རྣམ་འབྱེད་ཤེས་རབ་ཀྱིས་ལྡོག་པས། །
དཔའ་བོའི་ཞབས་དང་ཕྱོགས་གླང་སོགས། །
བསྟན་པའི་ཉིན་བྱེད་ཆེན་པོ་རུ། །
གྱུར་པའང་རྒྱལ་བའི་ཕྲིན་ལས་ཡིན། །

བསྟན་པ་ཀུན་ལ་དད་གྱུར་ཀྱང༌། །
བྱང་ཆུབ་སེམས་དཔའ་སྡེ་སྣོད་ནི། །
སྔགས་ཀྱི་གཞི་མ་ལྟར་མཐོང་ནས། །
ཇོ་བོ་ཤཱཀྱ་མུ་ནེའི་དྲུང༌། །
བྱང་སྡོམ་ཞུ་བར་ཆེད་ཀྱིས་ཕྱིན། །
རིགས་ལས་སད་པའི་སྨོན་འཇུག་བླངས། །

སྔ་འགྱུར་རང་ལུགས་ཉམས་དམས་པར། །
མཐོང་ནས་རྒྱུད་འབུམ་གླེགས་བམ་བཞེངས། །
ལུང་མཉན་ཆོས་འབྱུང་དཀར་ཆག་བརྩམས། །
ལོག་རྟོག་བསལ་པའི་ཐལ་འགྱུར་བཀོད། །
དཔེ་ལུང་གཉིས་ཀའི་རྒྱུན་འཕེལ་བའི། །
རྟེན་འབྲེལ་མངོན་སུམ་གནས་ལ་སྦྱར། །

མདོ་སྒྱུ་སེམས་དང་སྙིང་ཏིག་བཞིའི། །
དོན་ལ་མི་རྟོན་གྱ་ཚོམ་གྱིས། །
སྔགས་གཞུང་རྙོག་མར་གྱུར་པ་ལ། །
མཁས་པ་གཞན་གྱིས་གཤུང་པའི་ཚེ། །
སྨིན་གྲོལ་ཆོ་ག་མ་འཁྲུགས་ཤིང༌། །
རྒྱུད་དང་མན་ངག་མི་འགལ་ལ། །
སྦྱང་གཞིའི་སྦྱོང་བྱེད་གནད་ཚང་བས། །
སྐུ་ལྔའི་འབྲས་བུ་འབྱིན་ནུས་པ། །
གང་དག་རྣམས་དང་བཀའ་མའི་གཞུང༌། །
སངས་རྒྱས་མཉམ་སྦྱོར་ཡང་ཕུར་དང༌། །
དོང་སྤྲུགས་བཀའ་བརྒྱད་གཤིན་རྗེ་སོགས། །
ཉན་ནས་བཤད་སྒྲུབ་ཅི་ནུས་བགྱིས། །

སློབ་དཔོན་ཤྲཱི་སིངྷ་ཡི། །
བྱིན་རླབས་དབང་གི་ཉེ་བརྒྱུད་ལ། །
བརྟེན་ནས་ཕུར་པ་རྒྱུད་ལུགས་ཀྱི། །
བཀའ་ཡི་བསྡུ་བ་གསར་དུ་བྱས། །

གངས་རིའི་ཁྲོད་ཀྱི་རིང་ལུགས་པ། །
ཅི་ཡང་རུང་སྟེ་སངས་རྒྱས་པའི། །
གྲུབ་མཐའ་འཛིན་པ་ཡིན་ཕྱིན་ཆད། །
དེ་ཡི་བསྟན་པ་མདོ་སྔགས་ཀྱི། །
སྡེ་སྣོད་ལེགས་པར་ཤེས་དགོས་ན། །
རྒྱལ་བའི་གསུང་དང་དཀོན་ཅོག་འགྲེལ། །
ཤིང་རྟ་གསུམ་དང་མཛོད་བདུན་གྱི། །
རྗེས་སུ་འབྲངས་ལ་བཀའ་བསྟན་གྱི། །
ལུང་གསར་མང་པོའི་རྒྱན་དང་བཅས། །
ཡོན་ཏན་རིན་པོ་ཆེ་ཡི་མཛོད། །
འགྲེལ་བ་བདེན་རྣམ་ཤིང་རྟ་གཉིས། །
གསར་དུ་བརྩམས་ནས་རང་སྡེ་ཡི། །
གྲུབ་མཐའི་གཞུང་ལམ་གསལ་བར་བྱས། །

དམ་ཆོས་མངོན་པའི་སྡེ་སྣོད་ཀྱི། །
རྣམ་ཤེས་ཁམས་རྣམས་ལེགས་ཕྱེད་པས། །
སྐྱེ་འགག་སྟོང་པར་སྒོམ་པའི་ལུགས། །
དོར་ནས་འཕགས་ལམ་རྫོགས་ཆེན་གྱི། །
ཡེ་ཤེས་སྒོམ་སྟོབས་ཀྱིས་ཐོབ་ལ། །
དོན་དམ་བྱང་ཆུབ་སེམས་སུ་གྲགས། །

ཀུན་རྫོབ་སྨོན་འཇུག་རྣམ་གཉིས་ནི། །
བསྐྱེད་ལས་སྐྱེས་པ་གཙོ་ཆེ་བའི། །
བསླབ་བྱ་གོང་དུ་འཕེལ་བའི་ཕྱིར། །
ཕྱུགས་ལུག་བརྒྱ་ཕྲག་གཉིས་ཙམ་དང༌། །
སྲོག་ཆགས་ཕྲ་མོ་གྲངས་མེད་ལ། །
འཇུངས་པ་མེད་པའི་སྲོག་སྦྱིན་བྱས། །

དད་གཤིན་རྫས་རྣམས་ལོག་འཚོ་རུ། །
སྦྱར་ནས་གཟི་བྱིན་མ་བསྒྲུབས་པར། །
སྡེ་སྣོད་བཞུགས་པའི་གཙུག་ལག་ཁང༌། །
པདྨ་འོད་ཀྱི་གླིང་བསྐྲུན་ཅིང༌། །
འདག་སྦྱར་སྒོམ་གྲྭ་འཛུགས་པ་དང༌། །
སྟོང་དངུལ་ཐལ་བའི་རྒྱུ་ཚོགས་ལས། །
དཀོན་མཆོག་རྟེན་གསུམ་བཞེངས་པ་དང། །
མེས་དབོན་གནས་ལ་ཁྲི་མཆོད་དང༌། །
བཀའ་འགྱུར་ཡོན་གྱིས་བསླུ་སྒྲོགས་སོགས། །
སྦྱིན་པའི་ཕ་རོལ་ཕྱིན་ལ་བསླབས། །

རྩ་རླུང་ཁམས་གསུམ་ལས་རུང་ནས། །
རྡོ་རྗེ་ཐེག་པའི་འདུལ་བ་དང༌། །
སྔགས་ཀྱི་ཚུལ་ཁྲིམས་དང་དུ་བླངས། །

གླེན་པ་རྣམས་ཀྱི་སྒྲོ་སྐུར་ལ། །
ཉམ་ང་མེད་པའི་གདེང་ཐོབ་ཅིང༌། །
ཟབ་མོའི་དོན་ལ་བཟོད་པ་ཡི། །
རྣམ་ཐར་ངོ་ལྐོག་མེད་པར་བསྐྱངས། །

བྱ་བ་ལས་ཀྱི་འཁོར་ལོ་དང༌། །
འཇུག་པའི་སྤྱོད་པ་མཐའ་དག་གི །
གྲོགས་སུ་བརྩོན་འགྲུས་ཕ་རོལ་ཕྱིན། །

དྲངས་པས་བར་མ་དོར་མ་འཁྱམས། །
བསྐྱེད་རྫོགས་སྤྲོས་པ་རང་ཞིག་ནས། །
བསམ་གཏན་ངང་དུ་ཡིད་བསྡུད་ཀྱང༌། །

ཤེས་རབ་ཕ་རོལ་ཕྱིན་པ་ནི། །
ལྷག་མཐོང་རྫོགས་པ་ཆེན་པོར་སོང༌། །

དེ་ལྟས་རྙེད་དང་མི་རྙེད་སོགས། །
ལོ་ཀའི་ཆོས་བརྒྱད་ལ་ཐལ་བའི། །
ཆེན་པོ་བསྙེན་ལ་མི་མཁས་ན། །
རྒྱལ་པོའི་བླ་མཆོད་ཕྲག་དོག་ཅིང༌། །
རྒ་དང་ནད་གྱི་བར་ཆད་ལའང༌། །
དཔྱད་ནས་ས་སྐྱོང་སྡེ་དགེ་ཡི། །
སྤྱན་འདྲེན་ལན་དུ་སྤྲིང་ཡིག་བྱས། །

ཆོས་རྗེ་དཔལ་ལྡན་ས་སྐྱ་པའི། །
སྤྱན་འདྲེན་ནན་ཏན་ཆེ་བའི་སྟེང༌། །
མགོན་པོ་ཞལ་གྱི་བརྡའ་དོན་ལ། །
ཡང་སྲིད་སྔ་ཕྱིའི་རྟེན་འབྲེལ་མཐོང༌། །
ཤུལ་རིང་ལམ་ཐོག་ཁེལ་བ་ཡི། །
རྟེན་གསུམ་མཇལ་ཞིང་བསྟི་སྟང་བྱས། །

ལྷ་ཁང་ཆེན་པོ་མཇལ་འཛོམ་ནས། །
བཟུང་སྟེ་དགུན་ཟླ་གསུམ་གྱི་བར། །
རྟེན་གསུམ་སྤྱི་ལ་རབ་གནས་དང༌། །
བྱེ་བྲག་སྐྱེས་བུའི་ལྷག་གནས་ནི། །
གསར་རྙིང་རྒྱུད་ལུང་དབང་ཆེན་བརྒྱད། །
རྗེས་གནང་སྲུང་མའི་སྲོག་གཏད་དང༌། །
བྱང་སྡོམ་ཐུགས་བསྐྱེད་ཆེན་མོ་དང༌། །
འབྲེལ་བར་འཁྲིད་ཚུལ་ནན་ཏན་གྱིས། །
ཐུགས་རྒྱུད་བྱང་ཆུབ་སེམས་གཉིས་སུ། །
སྨིན་པའི་ཐབས་ལ་ནན་ཏན་བྱས། །

ཆེན་པོ་དག་གི་ཆོས་རྒྱུན་ནི། །
བླ་ལ་དྲངས་པའི་རྟེན་འབྱུང་ཕྱིར། །
འོག་མིའི་སྣོད་དུ་འབབ་དཀའ་ཡང༌། །
རྒྱལ་ཁམས་ཡོངས་ཀྱི་བླ་མ་རུ། །
བསྐུར་བའི་ཐུགས་རྒྱུད་ཐེག་ཆེན་དང༌། །
ཆོས་ཉིད་དོན་ལ་རབ་སྦྱར་ནས། །
འདྲེན་པའི་དེད་དཔོན་དོན་མཐུན་དུ། །
འགྱུར་བའི་སྨོན་ལམ་བཟང་པོ་བཏབ། །

དམན་པ་རྣམས་ལ་ཆེ་འགྱིང་དང༌། །
ནོར་ལྡན་རྗེས་སུ་འཛིན་པ་ཡི། །
ལྷག་བསམ་ཟོལ་མ་སྤངས་བྱས་ཏེ། །
བསྡུ་དངོས་བཞི་ལ་སེམས་བསྐྱེད་ནས། །
ཚོགས་བཤད་མོས་སློབ་ཙམ་མིན་པར། །
བརྒྱ་ཕྲག་གཉིས་ཐལ་ཁྲིད་ན་ཡང༌། །
ད་ནི་སྒྲུབ་པའི་དུས་ཀྱི་མཐར། །
ངེས་འབྱུང་ར་རིས་རྒྱུད་བསྐུལ་ནས། །
ཆོས་དོན་གཉེར་བ་ཕལ་མོ་ཆེ། །
སྙིགས་མ་ལྔ་ཡི་གདོན་ཆེན་གྱིས། །
ཤེས་རྒྱུད་ཟིལ་གྱིས་ནོན་ཆེ་བས། །
ལོ་ཟླ་དུས་ཀྱི་སྒྲུབ་ཚུགས་ལ། །
དཔག་པའི་ཡོན་ཏན་སྐྱེས་ནས་ཀྱང༌། །
སླར་ལ་ཐུར་དུ་ལྷུང་བའི་ཕྱིར། །
ལམ་དུ་འགྲོ་བ་ཤིན་ཏུ་དཀོན། །

དེ་ལྟས་བདག་ཉིད་དབེན་པ་ལ། །
ཆེ་ཐང་བྱེད་པའི་རྒྱུ་ཡང་འདི། །
ཁྱད་པར་སྔགས་ཀྱི་སྡེ་སྣོད་ནི། །
ལམ་སྟོན་བྱེད་པ་ཕལ་ལ་ཡང༌། །
ལྷོངས་སུ་གྱུར་བའི་གནས་ཉུང་ནས། །
རྫིང་ན་མ་མཆིས་ཝ་ནང་དུ། །
འདྲོང་བ་རྒྱུ་འབྲས་འགལ་བ་ཅན། །

དེ་ཕྱིར་བསྟན་པའི་འཕེལ་འགྲིབ་ཀྱང༌། །
ཆོས་ཀྱི་དེ་ཉིད་རིག་པ་དང༌། །
ཆོས་བཞིན་སྤྱོད་པ་ཡོད་མིན་ལ། །
དགོངས་ཀྱི་གང་ཟག་མང་ཉུང་དང༌། །
རིགས་གཟུགས་དབང་ཕྱུག་ཆེ་ཆུང་ལ། །
འཛིན་པ་རྨོངས་པའི་འཁྲུལ་སྣང་ཙམ། །

རྒྱན་དྲུག་དབང་ཕྱུག་བརྒྱད་ཅུ་དང༌། །
རྒྱ་གར་དམ་པ་སངས་རྒྱས་དང༌། །
དགེ་བཤེས་ཁ་རག་སྒོམ་ཆུང་དང༌། །
རྒྱལ་བ་ཀློང་ཆེན་རབ་འབྱམས་ལའང༌། །
ཁྱིམ་ཆུང་སྤང་བའི་ཁྱིམ་ཆེན་གྱི། །
དགོན་གནས་སྡིག་པས་འཛིན་པ་དང༌། །
ཆགས་སྡང་ཆོས་སུ་སྒོམ་པ་ཡི། །
གྲྭ་སློབ་རྒྱུན་ཆགས་མ་མཆིས་པས། །
རྟེན་གསུམ་རྣམས་ལ་བསྟི་སྟང་དང༌།
ཆོས་ལ་གུས་པའི་ཉམས་ལེན་མཛོད། །
འབྲེལ་ཚད་དགེ་ལ་འགྱུར་བ་ཡི། །
སྨོན་ལམ་བཟང་པོ་བཏབ་ནས་ཡོད། །

ཁོ་བོའི་རྒྱུད་ནི་ངེས་འབྱུང་དང༌། །
དྲན་སྣང་ཡེ་ཤེས་རྣམ་པ་གཉིས། །
མཉམ་རྗེས་ཅན་དུ་འཆར་བའི་ཕྱིར། །
ང་དང་ང་ཡིར་འཛིན་པའི་སེམས། །
ཆོས་ཉིད་དོན་ལ་ཡོད་མིན་ན། །
མངོན་དང་ལྷག་པའི་ང་རྒྱལ་དང༌། །
ཕྱོགས་རིས་བདག་བསྟོད་གཞན་སྨོད་དང༌། །
ཁེངས་དང་བརྟུན་ངས་ཆོས་ལས་འདས། །

རིགས་གཟུགས་དབང་ཕྱུག་གྲགས་པ་ཡི། །
ཆེ་དང་མངོན་རློམ་ཅན་དག་ལ། །
སྨོན་དང་ཞུམ་བཅས་རེ་དོགས་ཀྱི། །
གནས་ལས་ཀྱང་ནི་གྲོལ་བའི་ཕྱིར། །
ཀུན་ནས་མཐོང་བ་ཐ་དད་པ། །
སྐྱེ་བུ་སོ་སོའི་ལས་སྣང་དང༌། །
གནས་སྐབས་རྟེན་ཅིང་འབྲེལ་འབྱུང་ཡིན། །

གང་ཞིག་ཐེག་པ་ཆེན་པོ་ཡིས། །
བྱིན་གྱིས་རླབས་པའི་གང་ཟག་ནི། །
གང་ལ་ཕན་པའི་མཐུ་མེད་ཀྱང༌། །
དེ་ཡི་བསམ་པ་རྟག་ཏུ་བྱ། །
གང་ལ་བསམ་པ་དེ་ཡོད་ན། །
དེ་ནི་དེ་ལ་དོན་གྱིས་ཞུགས། །
ཞེས་པས་གསེར་འགྱུར་རྩི་ལྟ་བུའི། །
རིན་ཆེན་སེམས་ལ་རྟག་གུས་པས། །
མི་ཚེའི་ལྷག་མའང་དོན་ཡོད་འགྱུར། །

འདི་ནི་བླ་ཆེན་ས་སྐྱ་པའི། །
གསུང་གིས་བསྐུལ་ནས་བྲིས་པ་ཡིན། །
དགེ་བས་མཐོང་ཐོས་དྲན་རེག་ཀུན། །
རྣམ་བྱང་དམ་པའི་རྒྱུར་གྱུར་ཅིག །
སརྦ་མངྒ་ལཾ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept